པའོ་ཧེའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་སྐུལ་འདེད་ལྟེ་གནས་ཀྱིས་ཉེ་སྔོན་སཱ་ལཱ་རི་བོ་ནས་ངའི་མིག་ལམ་གྱི་ཀྲུང་གོ་ཞེས་པའི་བགྲོ་གླེང་ཚོགས་འདུ་བསྡུས་པ་དང་། སྔོན་ཆད་ཀྲུང་གོར་འཚམས་འདྲི་བྱས་མྱོང་བའི་པའོ་ཧེའི་གསར་འགོད་པ་དང་རིག་མཛོད་ཀྱི་མཁས་པ། ཀྲུང་གོར་སློབ་སྦྱོང་བྱས་མྱོང་བའི་སློབ་མ། དེ་མིན་པའོ་ཧེའི་གྲོས་ཁང་དང་ཕྱི་འབྲེལ་པུའུ་སོགས་སྲིད་གཞུང་གི་དཔོན་རིགས་བཅུ་ཕྲག་འགའ་ལྷག་གིས་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ཆེན་པོ་རྒྱས་བཤད་བྱས།
ཅང་མ་འགོར་བའི་སྔོན་ཀྲུང་གོར་ཡོང་བའི་པའོ་ཧེ་རྒྱལ་ཕྲན་མཉམ་འབྲེལ་བརྙན་འཕྲིན་ཁང་གི་གསར་འགོད་པ་དབྱེ་པུའུ་ལཱ་ནོའུ་ཝེ་ཆི་ཡིས་ཀྲུང་གོར་བཅར་འདྲི་བྱེད་པའི་གནས་ཚུལ་གླེང་སྐབས་ཡིད་འགུལ་ཆེན་པོ་ཐེབས། ནུབ་ཕྱོགས་ཀྱི་སྨྱན་བྱད་མང་བོས་ཀྲུང་གོའི་གནས་ཚུལ་བསྒྲགས་པ་དོན་དངོས་དང་མི་མཐུན་པ་དང་། ཀྲུང་གོའི་སྣང་བརྙན་རྫུན་མ་ཞིག་ཆགས་པར་བྱས་ཡོད། དངོས་སུ་མཐོང་ཐོས་བྱུང་ན་ད་གཟོད་ཀྲུང་གོའི་འཕེལ་རྒྱས་དེས་རྒྱལ་ཁབ་རང་གི་གནས་ཚུལ་དང་མང་ཚོགས་ཀྱི་དགོས་མཁོ་རྨང་གཞིར་བཟུང་ཡོད་པ་རྟོགས་ཐུབ་ཟེར། དབྱེ་པུའུ་ལཱ་ནོའུ་ཝེ་ཆི་ཡིས་བཤད་རྒྱུར། ཀྲུང་གོའི་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། བླངས་པའི་གྲུབ་འབྲས་དེས་འཛམ་གླིང་ཧྲིལ་བོར་དེང་རབས་ཅན་དུ་བགྲོད་པའི་ལམ་བུ་མང་བོ་ཡོད་པ་མཐོང་དུ་བཅུག་ཡོད་ཟེར།
པེ་ཅིང་གི་རྒྱལ་སྤྱིའི་གསོ་རིག་སློབ་ཆེན་དུ་འབུམ་རམས་པ་འདོན་བཞིན་པའི་ཡའོ་སི་ཕུའུ་ཚི་ཝེ་ཐི་ཁི་ཝེ་ཆི་ཡིས་བཤད་རྒྱུར། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་གོ་སྐབས་མང་བོ་བསྐྲུན་ཡོད་ཟེར། ཁོས་བསྟན་དོན། རང་ཉིད་ཀྱིས་ཀྲུང་གོའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་མགྱོགས་པོ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་བྱུང་བ་དངོས་སུ་མཐོང་བར་མ་ཟད། ཀྲུང་གོས་འཕེལ་རྒྱས་ཀྱི་ཁེ་ཕན་དེ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་རྒྱལ་ཁབ་དང་མི་དམངས་བར་མཉམ་སྤྱོད་བྱེད་པ་མཐོང་ཡོད་ཟེར།
པའོ་ཧེའི་གྲོས་ཁང་ཡོ་རོབ་གླིང་ལས་དོན་པུའུ་ཡི་འགན་ཁུར་བ་ཨོ་མཱ་ཨར་ཧྥེ་ལེ་པའོ་ཝེ་ཆི་ཡིས་བཤད་རྒྱུར། ཀྲུང་གོས་ང་ཚོར་འཕེལ་རྒྱས་ཀྱི་མིག་དཔེ་བསྟན་ཡོད་ཅིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མི་དམངས་དཀྱིལ་སྙིང་དུ་བཟུང་ནས་དམངས་འཚོའི་ཕན་བདེ་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། རྒྱལ་ཁབ་ཀྱིས་རྨང་གཞིའི་འཛུགས་སྐྲུན་དང་འགྲིམ་འགྲུལ། འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་སུ་མ་དངུལ་མང་བོ་གཏོང་བཞིན་ཡོད། མ་འོངས་པར་སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་པའོ་ཧེ་རུ་ཡོང་ནས་དངུལ་གཏོང་བྱས་ཏེ། པའོ་ཧེ་ཡི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་རིམ་འཕར་བྱེད་པར་རེ་བས་ཁེངས་ཡོད་ཟེར།
པའོ་ཧེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་གཞུང་ཚབ་པ་ཚབ་མ་ལེའོ་ཏཱ་ཁི་ཡིས་བསྟན་དོན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ཧྲིལ་བོར་ཕན་ཐོགས་བསྐྲུན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་པའོ་ཧེ་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་ཧུར་ཐག་སྒོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འགོ་བཅས་དངོས་འབེབས་བྱེད་པར་སྐུལ་འདེད་ཏང་སྟེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།