དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས20ཉིན་གྱི་དགོང་མོར་བདེན་དཔང་བྱས་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པར་བར་སྣང་འཇབ་རྒོལ་བྱས་ཏེ། ཟླ་ངོ་འགའི་རིང་ལ་དབྱི་སི་རལ་ལ་འཇབ་རྒོལ་ཐེབས་བརྒྱ་ཕྲག་འགའ་ཐེབས་པར་འཁོན་ལན་སློག་པ་རེད།
དབྱི་སི་རལ་གྱི་དམག་དཔུང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཡེ་མིན་གྱི་མཚོ་དམར་མཚོ་ཁོངས་ཀྱི་གྲུ་ཁ་གཙོ་བོ་ཧི་ཐེ་ཏཱ་ས་ཁུལ་གྱི་ཧུའུ་སེ་དྲག་ཆས་པའི་དམག་དོན་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཟེར།
དབྱི་སི་རལ་གྱི་དབུས་ཕྱོགས་གྲོང་ཁྱེར་ཐི་ལཱ་ཝེ་ཧྥུའུ་རུ་ཚེས19ཉིན་གྱི་ཞོགས་པར་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་ཕོག དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འགད་རྫས་ཁྱེར་ཡོད་པའི་མི་མེད་གནམ་གྲུ་ཞིག་ངོས་འཛིན་བྱས་ཀྱང་། མིས་བསམ་བཞིན་དུ་ནོར་འཆུག་བཟོས་པའི་དབང་གིས་མཁའ་སྲུང་མ་ལག་གིས་བཀག་འགོག་ཐུབ་མེད། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་སྤེལ་བའི་ཚུལ་བསྟན་པར་མ་ཟད་མུ་མཐུད་དུ་དབྱི་སི་རལ་ལ་འཇབ་རྒོལ་བྱེད་རྒྱུ་ཡིན་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཅཱ་ལན་ཐི་ཡིས་ཚེས19ཉིན་ཐི་ལཱ་ཝེ་ཧྥུའུ་ལ་འཇབ་རྒོལ་ཐེབས་པའི་ཐད་ནས་འཁོན་ལན་སློག་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།