མཱ་ལེ་ཞི་ཡཱའི་སྐབས་བཅུ་བདུན་པའི་ཆེས་མཐོའི་མགོ་གཙོས་དངོས་སུ་ལས་འགན་ཁུར་མགོ་བརྩམས།
2024.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

མཱ་ལེ་ཞི་ཡཱའི་སྐབས་བཅུ་བདུན་པའི་ཆེས་མཐོའི་མགོ་གཙོ་དབྱེ་པུའུ་ལཱ་ཞིན་གྱིས་ཚེས20ཉིན་རྒྱལ་ས་ཅི་ལུང་ཕའོ་རུ་ཡོད་པའི་རྒྱལ་བོའི་ཕོ་བྲང་ནས་དངོས་སུ་ལས་འགན་ཁུར་མགོ་བརྩམས།

མཱ་ལེ་ཞི་ཡཱའི་མངའ་སྡེ་སོ་སོའི་མགོ་བ་དང་། མངའ་སྡེ་སོ་སོའི་དབང་བསྒྱུར་མཁན། འཐུས་མི། མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར། དེ་མིན་ནེ་ཀིའི་ཁོངས་མི་སོགས་ལས་འགན་ཁུར་བའི་མཛད་སྒོར་ཞུགས། མཛད་སྒོར་ཞུགས་པའི་ཕྱི་ཡོང་སྐུ་མགྲོན་ལ་ཝུན་ལའེ་ཡི་མགོ་ཁྲིད་པ་ཧཱ་སིང་ནཱ་ཨར་དང་། པཱ་ལིན་གྱི་རྒྱལ་བོ་ཧཱ་མཱ་ཏི། སིང་ག་ཕོར་གྱི་སྔོན་ཆད་ཀྱི་ཙུང་ལི་ལིས་ཞན་ལུང་སོགས་ཡོད།

དབྱེ་པུའུ་ལཱ་ཞིན་གྱིས་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ་བསྟན་དོན། ཁོས་ལྷག་བསམ་རྣམ་དག་དང་འདྲ་མཉམ་གྱིས་འགན་འཁྲི་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་དར་རྒྱས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། སྲིད་གཞུང་གིས་མུ་མཐུད་དུ་འབད་པ་ཆེན་པོས་མི་དམངས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ་རྒྱལ་ཁབ་སྔར་ལས་གོང་འཕེལ་དང་དར་རྒྱས་སུ་གཏོང་བར་རེ་བཞིན་ཡོད་ཟེར།

དབྱེ་པུའུ་ལཱ་ཞིན་ནི1958ལོར་སྐྱེས་པ་དང་། 2010ལོ་ནས་བཟུང་རིག་ཧྥོ་མངའ་སྡེའི་མགོ་བའི་འགན་ཁུར། 2023ལོའི་ཟླ10པའི་ཚེས27ཉིན། མཱ་ལེ་ཞི་ཡཱའི་དབང་བསྒྱུར་མཁན་གྱི་གྲོས་ཚོགས་ཀྱིས་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། དབྱེ་པུའུ་ལཱ་ཞིན་ཆེས་མཐོའི་གཙོ་འཛིན་དུ་བསྐོ་འཇོག་བྱས་པ་ཡིན་ལ། 2024ལོའི་ཟླ1པའི་ཚེས31ཉིན་དབྱེ་པུའུ་ལཱ་ཞིན་གྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད།

མཱ་ལེ་ཞི་ཡཱ་ཡིས་རྒྱལ་བོའི་ཁྲིམས་འཛུགས་རྒྱལ་ཕྲན་ལམ་ལུགས་ལག་བསྟར་བྱེད་པ་ཡིན་ཞིང་། ཆེས་མཐོའི་གཙོ་འཛིན་ནི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་དབྱི་སི་ལན་ཆོས་ལུགས་ཀྱི་གཙོ་འཛིན། དྲག་ཆས་དམག་དཔུང་གི་དམག་དཔོན་བཅས་ཡིན་ལ། དབང་བསྒྱུར་མཁན་གྱི་གྲོས་ཚོགས་ནས་མཱ་ལེ་ཞི་ཡཱའི་མངའ་སྡེ་དགུའི་རྒྱུད་འཛིན་ཅན་གྱི་མགོ་བ་དང་དབང་བསྒྱུར་པའི་ཁྲོད་ནས་བདམས་དགོས་པ་ཡིན་དང་། འགན་ཡུན་ལོ་ངོ་ལྔ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།