པེད་ཏིན་གྱིས་བསྟུད་འགན་ཁུར་བའི་འགྲན་རྩོད་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད་ཧཱ་ལི་སི་མིང་འདོན་བྱེད་པར་རྒྱབ་སྐྱོར་བྱས།
2024.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

དམངས་གཙོ་ཏང་ནང་ཁུལ་གྱི་གནོན་ཤུགས་ཆེན་མོའི་འོག ཨ་མེ་རི་ཁའི་ད་ལྟའི་ཙུང་ཐུང་པེད་ཏིན་གྱིས་ཚེས21ཉིན2024ལོའི་ཙུང་ཐུང་འགྲན་རྩོད་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། ཙུང་ཐུང་གཞོན་པ་ཧཱ་ལི་སི་དམངས་གཙོ་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣར་མིང་འདོན་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

པེད་ཏིན་གྱིས་ཉིན་དེར་སྨྱན་བྱད་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཁོ་བསྟུད་འགན་ཁུར་བར་བརྩོན་ལེན་བྱེད་རྩིས་ཡོད་ཀྱང་། དམངས་་གཙོ་ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོའི་ཆེད་དུ། ཁོ་རང་འགྲན་རྩོད་ལས་ཕྱིར་འབུད་རྒྱུ་ཐག་བཅད་པར་མ་ཟད། ཙུང་ཐུང་གི་འགན་ཡུན་ལྷག་མའི་ནང་འགན་འཁྲི་ལག་བསྟར་བྱེད་པར་རྩེ་གཅིག་ཏུ་གཞོལ་རྒྱུ་ཡིན་ཟེར།

པེད་ཏིན་གྱིས་དེའི་རྗེས་སུ་དྲ་ཚིགས་སྟེང་རྩོམ་ཡིག་སྤེལ་ཏེ་བསྟན་དོན། ཤུགས་ཆེན་པོས་ཧཱ་ལི་སི་དམངས་གཙོ་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣར་མིང་འདོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་དམངས་གཙོའི་ཏང་གིས་མཐུན་སྒྲིལ་བྱས་ཏེ་སྤྱི་མཐུན་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣ་ཐི་ལིང་ཕུའུ་ཕམ་པར་གཏོང་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།