སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་སུའུ་ཏན་དུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོ་གསར་བ་ཧི་སེ་ནེ་ཡིས་ལ་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རིམ་གསར་བར་བསླེབས་ཡོད་པའི་ཚུལ་བསྟན།
སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་འགན་གཅིག་ལྕོགས་སུ་ཁུར་མཁན་པུའུ་ཨར་ཧན་གྱིས་ཉིན་དེར་སུའུ་ཏན་ཤར་ཕྱོགས་ཀྱི་སུའུ་ཏན་གྲུ་ཁའི་གྲོང་ཁྱེར་ནས་སུའུ་ཏན་དུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོ་གསར་བ་ཧི་སེ་ནེ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས། ཧི་སེ་ནེ་ཡིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། ཕན་ཚུན་བར་གཞུང་ཚབ་པ་མངག་གཏོང་བྱེད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བ་ནི་དབྱི་ལིང་དང་སུའུ་ཏན་གྱི་ཐུན་མོང་ལྟ་ཚུལ་ཡིན་ཟེར།
ཉིན་དེར་པུའུ་ཨར་ཧན་གྱིས་སུའུ་ཏན་གྲུ་ཁ་ནས་ལས་འགན་ཁུར་དུ་འགྲོ་ལ་ཉེ་བའི་དབྱི་ལིང་དུ་སྡོད་པའི་སུའུ་ཏན་གྱི་གཞུང་ཚབ་ཆེན་མོ་གསར་བ་སཱ་ལེ་ཧི་ལ་སྐྱེལ་མ་བྱས།
2016ལོར། སོ་ཏི་ཨ་རབ་དང་དབྱི་ལིང་བར་འབྲེལ་ཐག་ཆད་པ་དང་། སུའུ་ཏན་སོགས་རྒྱལ་ཁབ་ཀྱིས་དེའི་རྗེས་སུ་དབྱི་ལིང་བར་གྱི་འབྲེལ་ཐག་བཅད་པ་རེད། 2023ལོའི་ཟླ10བའི་ཚེས9ཉིན། སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ཅིག་གི་ནང་ཁྱབ་བསྒྲགས་བྱས་དོན། སུའུ་ཏན་དང་དབྱི་ལིང་གིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།