ཁ་ན་ཏའི་ནུབ་རྒྱུད་ས་ཁུལ་དུ་དྲོད་ཚད་མཐོ་ཞིང་ཐན་སྐམ་ཆེ་བས་མེ་སྐྱོན་ཚབས་ཆེན་བྱུང་། 
2024.07.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ད་ལོའི་ཟླ་དྲུག་པའི་ཟླ་མཇུག་ཚུན་ལ། ཁ་ན་ཏའི་ནུབ་རྒྱུད་ཀྱི་པུའུ་ལེ་ཏེན་ཁོ་ལུམ་པུ་ཡཱ་ཞིང་ཆེན་དང་ཨེ་པའོ་ཐཱ་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་ལ་རྒྱུན་མཐུད་སྒོས་དྲོད་ཚད་མཐོ་ལ་ཐན་སྐམ་ཆེ་བའི་གནམ་གཤིས་བྱུང་པས། བསྟུད་མར་མེ་སྐྱོན་ཐེངས་མང་བྱུང་ཞིང་མགྱོགས་མྱུར་སྒོས་ཕྱོགས་བཞིར་མཆེད། མིག་སྔར་ཞིང་ཆེན་གཉིས་ཀྱི་མེ་སྐྱོན་ཤོར་ས་སུམ་བརྒྱ་ལྷག་ཚོད་འཛིན་བྱེད་དཀའ་བར་གྱུར།

པུའུ་ལེ་ཏེན་ཁོ་ལུམ་པུ་ཡཱ་ཞིང་ཆེན་གྱི་མེ་སྐྱོན་མེ་གསོད་མེ་འགོག་ལྟེ་གནས་ཀྱིས་བསྟན་དོན། མིག་སྔའི་བར། ཞིང་ཆེན་འདིའི་ཤར་ནུབ་རྒྱུད་དུ་བསྟུད་མར་གཟའ་འཁོར་གཉིས་ཀྱི་རིང་ལ་དྲོད་ཚད་དྲོད་གྲངས་སོ་ལྔ་ལས་བརྒལ་ཞིང་། གནམ་གཤིས་གནས་ཚུལ་ཟིན་ཐོར་བཀོད་པའི་རྒྱུན་མཐུད་དུས་ཚོད་ཆེས་རིང་ལ་དྲོད་ཚད་མཐོ་བའི་ནམ་ཟླ་རེད། ཟླ་བདུན་པའི་ཚུན་ལ་ཞིང་ཆེན་འདིའི་ཆ་སྙོམས་དྲོད་ཚད་དེ་ལོ་སྔོན་མའི་ཆ་སྙོམས་དྲོད་ཚད་ལས་དྲོད་གྲངས་བཅུ་ཡིས་མཐོ་བ་དང་། ཞིང་ཆེན་འདིར་མེ་སྐྱོན་བྱུང་ས་སུམ་བརྒྱ་ལས་བརྒལ་ཞིང་། དེའི་ཕྱེད་ཀའི་མེ་སྐྱོན་ཚོད་འཛིན་བྱེད་མི་ཐུབ་པར་གྱུར་ཡོད། 

མེ་གསོད་མེ་འགོག་ལྟེ་གནས་འདིས་བསྒྲགས་པའི་གནས་ཚུལ་ལྟར། པུའུ་ལེ་ཏེན་ཁོ་ལུམ་པུ་ཡཱ་ཞིང་ཆེན་ནུབ་རྒྱུད་ས་ཁུལ་གྱི་ཁྱིམ་ཚང་སྟོང་གཉིས་ཀྱི་སྡོད་དམངས་ལ་བྲེལ་མྱུར་ཁ་འགྲེམ་གཏོང་བའི་ཉེན་བརྡ་འབྱོར་བ་དང་། དུས་ལྟར་ཕྱིར་འཐེན་བྱེད་པའི་གྲ་སྒྲིག་བྱས་ཡོད། ཞིང་ཆེན་འདིའི་ཤར་ནུབ་རྒྱུད་ཀྱི་གཞུང་ལམ་གཙོ་བོ་ཞིག་མེ་སྐྱོན་བྱུང་བའི་རྐྱེན་གྱིས་བཀག་སྡོམ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་ཁུལ་ནས་སྒོའི་ཕྱི་ནས་མེ་འབུད་པར་བཀག་འགོག་བྱས།

ས་གནས་དེ་གའི་སྨྱན་བྱད་ལས་བསྒྲགས་པ་ལྟར་ན། ཨེ་པའོ་ཐཱ་ཞིང་ཆེན་གྱི་མིག་སྔའི་མེ་སྐྱོན་བྱུང་ས་བརྒྱ་དང་དྲུག་ཅུ་ལྷག་གི་མེ་སྐྱོན་ཚོད་འཛིན་བྱེད་མི་ཐུབ་པར་གྱུར་བ་དང་། གཙོ་བོ་ཞིང་ཆེན་འདིའི་བྱང་རྒྱུད་ས་ཁུལ་དུ་ཁྱབ་ཡོད། དེ་ལས་གཞན། ཁྱབ་ཁོངས་ཆེ་བའི་མེ་སྐྱོན་བྱུང་སའི་དུ་སྨུག་གིས་ཨེ་པའོ་ཐཱ་ཞིང་ཆེན་གྱི་ཨེ་ཏུ་མིན་ཏོན་དང་། ཁཱའར་ཅཱ་ལིས་སོགས་གྲོང་ཁྱེར་གཙོ་བོ་གཡོགས་ཤིང་། ལོའོ་ཅིས་རི་རྒྱུད་ཀྱི་ཡུལ་སྐོར་མཛེས་ལྗོངས་ལའང་ཤུགས་རྐྱེན་ཐེབས། ཁ་ན་ཏའི་སྤྱི་སྤྱོད་འཕྲོད་བསྟེན་སྡེ་ཁག་གིས་སྡོད་དམངས་རྣམས་སྒོ་ཕྱིའི་འགུལ་སྐྱོད་ཚད་ཇེ་ཉུང་དུ་གཏོང་བ་དང་། མཁའ་དབུགས་སྦགས་བཙོག་གིས་བཟོས་པའི་དབུགས་ལམ་གྱི་ནད་རིགས་ཕོག་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ལྷ་མོ་འཚོས་བསྒྱུར།