དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་དུ་འགས་གཏོར་བཏང་ནས་མི70རྐྱེན་ལམ་དུ་ཤོར།
2024.07.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་དུ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི70རྐྱེན་ལམ་དུ་ཤོར་བ་དང་། མི200ལྷག་ལ་རྨས་ཕོག་ཡོད་ཟེར།

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས22ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་མང་བོས་ཧན་ཡུག་ནེ་སིའི་ཤར་ཕྱོགས་སྡེ་ཁུལ་དུ་གཅིག་བསྡུས་འགས་གཏོར་བཏང་། འཇབ་རྒོལ་མ་ཐེབས་གོང་ས་དེའི་མང་ཚོགས་མང་བོ་ནུབ་ཕྱོགས་སུ་ཕྱིར་འཐེན་བྱེད་བཞིན་ཡོད་ཀྱང་། དུས་ཚོད་ལ་བྲེལ་བ་ཆེ་བ་དང་མི་སྣ་མང་བོར་ཤི་རྨས་ཐེབས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ཚེས22ཉིན་དྲ་ཐོག་བརྒྱུད་དེ་བསྟན་དོན། ཧན་ཡུག་ནེ་སིའི་མང་ཚོགས་ཁྲི་སྟོང་མང་བོ་ཡང་བསྐྱར་འཁྲུག་རྩོད་དང་དམག་དོན་འགུལ་སྐྱོད་སྤེལ་ས་ནས་བྲོས་བྱོལ་བྱེད་བཞིན་ཡོད་ལ། འཇིགས་དངངས་དང་ཡུལ་འཁྱམས་ཀྱི་དཀའ་སྡུག་མྱངས་ནས་དུས་ཡུན་རིང་བོ་འགོར་ཡོད་ལ། གནས་ཚུལ་དེ་རིགས་ནི་ཀུན་གྱིས་བཟོད་དཀའ་བ་ཞིག་ཡིན་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས22ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཧན་ཡུག་ནེ་སིའི་ཤར་ཕྱོགས་སྡེ་ཁུལ་གྱི་མང་ཚོགས་དག་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། རྒྱུ་མཚན་ནི་གསང་འཕྲིན་འབྱོང་བ་ལྟར་ན་འཇིགས་སྐུལ་ཉེས་ཅན་ས་ཁུལ་དེ་དག་ཏུ་འགུལ་སྐྱོད་བྱེད་བཞིན་ཡོད་པར་མ་ཟད་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་བཞིན་ཡོད་པས་ཡིན། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཀྱང་གནས་དེར་ཡང་བསྐྱར་དམག་དཔུང་གཅིག་བསྡུས་བྱེད་རྩིས་ཡོད། དབྱི་སི་རལ་གྱི་མཁའ་དམག་དང་མེ་སྒྱོགས་དམག་དཔུང་གིས་ཉིན་དེར་ཧན་ཡུག་ནེ་སིའི་འཇིགས་སྐུལ་ཉེས་ཅན་གྱི་རྨང་གཞིའི་སྒྲིག་ཆས་ཡོད་སའི་གནས་སུམ་ཅུ་ལྷག་ལ་ཆམ་ཕབ་བཏང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།