ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས22ཉིན་ཕཱ་རེ་སིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཨོ་རྩལ་སྡེ་བར་ལྟ་ཞིབ་བྱེད་སྐབས། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་བའི་སྐབས་སུ་འཛམ་གླིང་ཡོངས་ཀྱིས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
མཱ་ཁི་ལུང་གིས་ཉིན་དེའི་སྔ་དྲོར་ཕཱ་རེ་སིའི་བྱང་འདེབས་སུ་གནས་པའི་ཧྲིན་ཏན་ནེ་གྲོང་ཁྱེར་གྱི་ཨོ་རྩལ་སྡེ་བར་ལྟ་ཞིབ་བྱས་པ་དང་། ཁོས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མི་འགྱངས་པར་མགོ་རྩོམ་ལ་ཉེ་བའི་ཕཱ་རེ་སིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དེ་ཧྥ་རན་སིའི་རྒྱལ་ཁབ་འཚོ་བའི་སྲོག་སྙིང་དུ་འགྱུར་སྲིད་ཅིང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ལུས་རྩལ་པ་ཡང་ཨོ་རྩལ་དབང་གིས་ཧྥ་རན་སི་རུ་ལྷན་འཛོམས་བྱེད་ཐུབ། དེ་ནི་ལུས་རྩལ་གྱི་སྟོན་ཚོགས་ཆེན་མོ་ཞིག་ཡིན་པ་དང་། ཨོ་ལིན་ཕིག་དང་ཆབ་སྲིད་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་ཀྱང་ཡིན་འོས་ཟེར།
མཱ་ཁི་ལུང་གིས་ཆེད་དུ་ཨོ་རྩལ་སྡེ་བར་བཀོད་སྒྲིག་བྱས་པའི་ཉེན་རྟོག་ཅུའུ་ལ་རྟོག་ཞིབ་བྱས། ཁོས་བཤད་རྒྱུར། ཧྥ་རན་སི་ཡིས་ཉེན་རྟོག་པའི་དཔུང་ཤུགས་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ། ཨོ་ལིག་ཕིག་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོ་དང་འགྲན་སྡུར་སྣ་ཚོགས་ལ་གྲ་སྒྲིག་གང་ལེགས་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།
2024ལོའི་ཕཱ་རེ་སིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དེ་ཟླ7པའི་ཚེས26ཉིན་ནས་ཟླ8པའི་ཚེས11ཉིན་བར་སྤེལ་རྒྱུ་ཡིན་པ་དང་། ཕཱ་རེ་སིའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དེ་ཟླ8པའི་ཚེས28ཉིན་ནས་ཟླ9བའི་ཚེས8ཉིན་བར་སྤེལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།