ཨེ་ཙེ་ཨོ་ཕི་ཡཱའི་ལྷོ་ཕྱོགས་ཀྱི་ཀའེ་ཙེ་ཀི་ཧྥ་ས་གནས་སྲིད་གཞུང་གིས་ཚེས23ཉིན་དྲ་ཐོག་ནས་སྤྱི་སྒྲོག་སྤེལ་ཏེ། ས་དེར་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་རི་ཉིལ་བའི་དོན་རྐྱེན་ལས་རིམ་བརྩིས་ཀྱིས་ཉུང་མཐར་ཡང་མི་ཉིས་བརྒྱ་དང་ཉེར་དགུ་རྐྱེན་ལམ་དུ་ཤོར།
ཀའེ་ཙེ་ཀི་ཧྥ་ས་ཁུལ་ནས་ཚེས21ཉིན་གྱི་དགོང་མོར་རི་ཉིལ་བའི་དོན་རྐྱེན་བྱུང་ནས་མི་མང་བོ་སའི་འོག་ཏུ་མནན། ཚེས22ཉིན་གྱི་སྔ་དྲོར། ཡང་བསྐྱར་རི་ཉིལ་བའི་དོན་རྐྱེན་བྱུང་ནས། རྒུད་སྐྱོབ་མི་སྣ་དང་ཉེ་འཁོར་གྱི་མང་ཚོགས་མང་བོ་ས་འོག་ཏུ་མནན་ནས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་། ས་དེའི་སྲིད་གཞུང་གིས་བཤད་རྒྱུར། འདས་པོའི་གྲས་སུ་སྐྱེས་པ148ཡོད་པ་དང་། བུད་མེད81འདུས། ཀའེ་ཙེ་ཀི་ཧྥ་ས་ཁུལ་གྱི་སྲིད་གཞུང་གི་དཔོན་རིགས་ཀྱིས་བསྟན་དོན། ཡུལ་དངོས་ཀྱི་རྒུད་སྐྱོབ་དེ་མིག་སྔར་མི་ཤུགས་ཁོ་ནར་བརྟེན་དགོས་ལ། རྒུད་སྐྱོབ་བྱ་བ་སྤེལ་བ་དང་བསྟུན་ནས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།