པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཀྲུང་གོ་ནི་པཱ་ཞིའི་དཔལ་འབྱོར་འཕར་སྣོན་ཐད་གལ་འགངས་ཆེ་བའི་ཚུལ་བསྟན།
2024.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཚེས22ཉིན་བསྟན་དོན། ཀྲུང་གོ་ནི་པཱ་ཞིའི་དཔལ་འབྱོར་འཕར་སྣོན་ཐད་གལ་འགངས་ཧ་ཅང་ཆེ་བ་དང་། ཁོས་ཀྲུང་གོའི་བར་འབྲེལ་བ་ཟབ་པའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གསར་བ་འཛུགས་འདོད་ཡོད་ཟེར།

ལུའུ་ལཱ་ཉིན་དེར་པཱ་ཞི་ལེ་ཡཱ་རུ་པཱ་ཞི་རུ་སྡོད་པའི་ཕྱི་རྒྱལ་གྱི་སྨྱན་བྱད་ཀྱི་ཁྱབ་ཁོངས་ཆུང་བའི་གྲོས་མོལ་ལ་ཞུགས་པ་དང་། ཁོས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ད་ལོ་ནི་པཱ་ཞི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་ཡིན་པ་དང་། པཱ་ཞི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་ཚན་རྩལ་བརྗེ་རེས་དང་མཉེན་ཆས་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ལ་སྔར་ལས་མང་བའི་ལས་ཞུགས་ལས་གནས་གསར་བསྐྲུན་བྱེད་འདོད་ཡོད་ཟེར།

ལུའུ་ལཱ་ཡིས་བསྟན་དོན། ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། ཀྲུང་གོས་གཞན་གྱིས་གཟེངས་བསྟོད་བྱེད་ཅིང་བློ་ཡུལ་ལས་འདས་པའི་གྲུབ་འབྲས་བླངས་ཡོད་པ་དང་། པཱ་ཞི་ཡིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དེར་སློབ་སྦྱོང་བྱེད་པར་རེ་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་དེ་ཁས་ལེན་བྱེད་དགོས་ཡོད། ཀྲུང་གོ་ནི་པཱ་ཞི་ཡིས་དུས་གཏན་དུ་མཐོང་ཆེན་བྱེད་པའི་མཉམ་ལས་གྲོགས་པོ་ཡིན་ལ། ང་ཚོས་ཀྲུང་གོའི་བར་གྱི་དམིགས་བསལ་འབྲེལ་བ་སྲུང་འཛིན་བྱེད་ངེས་ཡིན། དེ་པཱ་ཞི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་མཚོན་ན་འཐབ་ཇུས་དོན་སྙིང་ལྡན་ཟེར།

ལུའུ་ལཱ་ཡིས་བཤད་རྒྱུར། ཁོ་རང་ཐོག་དང་པོར་སྐུ་མགྲོན་གྱི་ཚུལ་དུ་ད་ལོའི་ཟླ11པར་ཕེ་རུའི་ལེ་མཱ་ནས་བསྡུ་རྒྱུ་ཡིན་པའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཞིང་། སྐབས་ཐོག་དེར་ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་འདོད་ཡོད། ངས་ཀྲུང་གོའི་བར་རྒྱུད་གཅིག་ལམ་གཅིག་ལ་གྲོས་བསྡུར་བྱེད་འདོད་ཡོད་པ་དང་། ངས་པཱ་ཞི་ཡིས་ནུས་པ་ག་འདྲ་ཐོན་དགོས་པ་ཤེས་འདོད་ཡོད། རྒྱུ་མཚན་ནི་ང་ཚོ་ཚབ་བྱེད་ཀྱི་གནས་སུ་སྡོད་མི་འདོད་ལ། ང་ཚོ་ཐོག་མའི་གོ་སྐབས་བརྩོན་ལེན་བྱེད་མཁན་དུ་འགྱུར་འདོད་ཡོད་ཟེར།

པཱ་ཞི་ནི་ད་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་ཞིང་། ཚོད་དཔག་བྱས་ན་འཛམ་གླིང་ཡོངས་ཀྱི་ལྟོགས་སྐོམ་དང་དབུལ་ཕོངས་སེལ་བའི་མནའ་འབྲེལ་ཅིག་འཛུགས་པའི་གྲོས་གཞི་འདོན་རྒྱུ་རེད། ལུའུ་ལཱ་ཡིས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་སུ་སྔར་བཞིན་མི་མང་བོ་ཆེས་དབུལ་ཕོངས་ཀྱི་རྣམ་པར་གནས་ཡོད་ལ། ལྟོགས་སྡུག་དང་འཁྱག་གྲང་མྱོང་བཞིན་ཡོད། དེ་ནི་རང་བྱུང་ལས་བཟོས་པའི་སྣང་ཚུལ་ཞིག་མ་ཡིན་པར་མང་ཆེ་བ་ནི་མི་རིགས་རང་ཉིད་ཀྱིས་བཟོས་པ་རེད་ཟེར། ཁོས་བསྟན་དོན། པཱ་ཞི་དང་ཀྲུང་གོའི་དབུལ་སེལ་ཉམས་མྱོང་ལས་མངོན་པ་ལྟར་ན། ལྟོགས་སྡུག་སྣང་ཚུལ་དེ་མེད་པར་གཏོང་ཐབས་མེད་པ་ཞིག་མ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་མཉམ་དུ་ལྟོགས་སྐོམ་དང་དབུལ་ཕོངས་སེལ་བའི་བྱ་གཞག་ནང་ཞུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།