ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས22ཉིན་ཁྱབ་བསྒྲགས་བྱས་དོན། ཟླ8པའི་ཟླ་མཇུག་ཏུ་ཧང་ག་རིའི་རྒྱལ་ས་པུའུ་ཏཱ་ཕའེ་སི་ནས་བསྡུ་བར་ཐག་བཅད་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དངོས་གཞི་མིན་པའི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི་ཚོགས་འདུ་དེ་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་བསྡུ་རྒྱུ་ཐག་བཅད་ཡོད་ཟེར། ཧང་ག་རིའི་ཕྱི་འབྲེལ་དང་ཕྱི་ཕྱོགས་དཔལ་འབྱོར་པུའུ་ཀྲང་ཕིས་ཏི་ཡིས་དོན་དེའི་ཐད་ནས་བསྟན་དོན། དེ་ནི་འཁོན་ལན་སློག་པའི་བསམ་མེད་ཀྱི་བྱ་སྤྱོད་ཅིག་རེད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཚེས22ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་སྟེང་བསྟན་དོན། ཧང་ག་རི་ཡི་ཝུའུ་ཁི་ལན་གནད་དོན་ཐད་ཀྱི་ལངས་ཕྱོགས་དབང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་དངོས་གཞི་མིན་པའི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི་གྲོས་ཚོགས་དེ་ཟླ་བརྒྱད་པའི་ཟླ་མཇུག་ཏུ་པུའུ་ཏཱ་ཕའེ་སི་ནས་བསྡུ་རྒྱུ་མ་ཡིན་པར་ཟླ་དགུ་བར་པུའུ་ལུའུ་སེར་ནས་བསྡུ་རྒྱུ་ཐག་བཅད་པ་ཡིན།
པའོ་ལོས་ལེ་ཡིས་བཤད་རྒྱུར། ཧང་ག་རིའི་སྲིད་གཞུང་གིས་ངེས་པར་དུ་རང་གི་ལངས་ཕྱོགས་དེའི་མཇུག་འབྲས་ཁུར་དུ་ལེན་དགོས། ང་ཚོས་མཚོན་རྟགས་ཙམ་ཡིན་ཡང་ཧང་ག་རི་ལ་བརྡ་གཏོང་དགོས་ཟེར།
དོན་དེའི་ཐད་ནས་ཞི་ཡཱ་ཨར་ཏའོ་ཡིས་སྐྱོན་བརྗོད་བྱས། ཧང་ག་རི་ཡིས་ཉེ་སྔོན་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་བར་འདུམ་བྱེད་པར་དམིགས་པའི་ཞི་བདེའི་འགན་འཁྲིའི་འགུལ་སྐྱོད་སྤེལ་བཞིན་ཡོད་ལ། དེར་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ལ། འཕྱ་དམོད་དང་བརྙས་བཅོས་དེ་དག་གིས་དངོས་ཡོད་སྣང་མེད་དུ་བསྐྱུར་ཡོད་ཟེར།
ཞི་ཡཱ་ཨར་ཏའོ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཝུའུ་ཁི་ལན་གྱི་འཐབ་ཇུས་ལ་འདས་པའི་ལོ་ངོ་གཉིས་དང་ཕྱེད་ཀའི་ནང་ཕམ་ཉེས་བྱུང་བ་དང་། ཞི་བདེ་དང་ཁ་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད། ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས། ཡོ་རོབ་གླིང་གི་ཆབ་སྲིད་པས་རང་མགོ་རང་གིས་གཡོག་མི་རུང་བ་དང་། བྱེད་ཐབས་བསྒྱུར་ནས་ཕྱི་འབྲེལ་གྱི་ཐབས་ལམ་ཡང་བསྐྱར་སླར་གསོ་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།