ཨེ་སོ་ནི་ཡཱའི་སྲིད་གཞུང་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2024.07.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨེ་སོ་ནི་ཡཱའི་མཉམ་འབྲེལ་སྲིད་གཞུང་གསར་བས་ཚེས23ཉིན་གྲོས་ཁང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། མུས་ཧཱ་ཨར་གྱིས་ཙུང་ལིའི་འགན་ཁུར།

དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོ་དེ་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཨེ་སོ་ནི་ཡཱའི་གྲོས་ཁང་ནས་བསྡུས། མུས་ཧཱ་ཨར་གྱིས་དམ་བཅའ་བཞག་རྗེས། སྲིད་གཞུང་གི་ཁོངས་གཏོགས་ཀྱིས་དམ་བཅའ་འཇོག་པའི་ཡིག་ཆའི་སྟེང་མིང་བཀོད་པ་དང་། སྲིད་གཞུང་གསར་བས་དེའི་རྗེས་སུ་ལས་འགན་ལག་བསྟར་བྱེད་མགོ་བརྩམས།

མུས་ཧཱ་ཨར་གྱིས་ཚེས22ཉིན་གྲོས་ཁང་ནས་སྲིད་སྐྱོང་རྩ་གནད་སྤེལ་སྐབས་བསྟན་དོན། སྲིད་གཞུང་གསར་བས་དཔྱ་ཁྲལ་ཇེ་མང་དུ་བཏང་སྟེ་རྒྱལ་སྲུང་དང་བདེ་འཇགས་ཁྱབ་ཁོངས་ཀྱི་འགྲོ་སོང་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། དུས་མཉམ་དུ་ལོ་ངོ་གསུམ་གྱི་ནང་སྤྱི་བའི་སྡེ་ཁག་གི་འགྲོ་སོང་བརྒྱ་ཆའི་བཅུ་ཇེ་ཉུང་དུ་གཏོང་རྒྱུ་མ་ཟད། བྱེད་ཐབས་སྤྱད་དེ་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཨེ་སོ་ནི་ཡཱའི་གྲོས་ཁང་གིས་ཚེས22ཉིན་བརྡས་ཐག་བཅད་དེ་མུས་ཧཱ་ཨར་གྱིས་བཏོན་པའི་མཉམ་འབྲེལ་སྲིད་གཞུང་གསར་བའི་ཇུས་གཞིར་ཆོག་མཆན་བཀོད་པ་དང་། མཉམ་འབྲེལ་སྲིད་གཞུང་གསར་བར་ནེ་ཀིའི་པུའུ་ཀྲང13བཀོད་སྒྲིག་བྱས་ཡོད་ཅིང་། སྔོན་ཆད་ཀྱི་སྲིད་གཞུང་གི་ཕྱི་འབྲེལ་དང་ནང་སྲིད། རྒྱལ་སྲུང་བཅས་ཀྱི་པུའུ་ཀྲང་གོ་གནས་སོར་འཇོག་བྱས་ཡོད། ཨེ་སོ་ནི་ཡཱའི་ཙུང་ཐུང་ཁཱ་ལི་སི་ཡིས་ཚེས22ཉིན་གྱི་ཕྱི་དྲོར་ཙུང་ཐུང་བཞུགས་ཤག་ནས་སྲིད་གཞུང་གསར་བའི་བསྐོ་འཇོག་ཡི་གེ་བཀོད་པར་མ་ཟད་ནེ་ཀི་གསར་བའི་ཁོངས་མིར་ཐུག་འཕྲད་བྱས།

མུས་ཧཱ་ཨར་གྱི་སྔོན་དུ་འགན་ཁུར་མཁན་ཁཱ་ལཱ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མིའི་འགན་ཁུར། ཁཱ་ལི་སི་ཡིས་ཚེས15ཉིན་ཁཱ་ལཱ་སིའི་ལས་ཁུར་དགོངས་ཞུ་དང་ལེན་བྱས་པར་མ་ཟད། ཚེས16ཉིན་མུས་ཧཱ་ཨར་ཙུང་ལིའི་འདེམ་སྒུག་མི་སྣར་མིང་འདོན་བྱས་པ་རེད། མུས་ཧཱ་ཨར་གྱིས་དེའི་སྔོན་ཁཱ་ལཱ་སིའི་སྲིད་གཞུང་དུ་ནམ་ཟླའི་པུའུ་ཀྲང་གི་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།