འཇར་པན་གྱི་མི་གྲངས་ཟིན་ཐོ་ཡོད་ཚུན་གྱི་ཆེས་དམའ་བའི་ཚད་དུ་བསླེབས།
2024.07.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

འཇར་པན་སྤྱི་ཁྱབ་ལས་དོན་པུའུ་ཡིས་ཚེས24ཉིན་ཁྱབ་བསྒྲགས་བྱས་པའི་སྡོམ་རྩིས་གྲངས་ཀ་ལྟར་ན། 2024ལོའི་ཟླ1ཚེས1ཉིན་བར་འཇར་པན་དུ་སྡོད་པའི་ཕྱི་རྒྱལ་བ་དང་འཇར་པན་དུ་སྡོད་པའི་མི་གྲངས་བསྡོམས་འབོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཅིག་འབུམ་ལྔ་ཁྲི་དྲུག་ལ་སླེབས་པ་དེ་ལོ་སྔོན་མ་ལས་མི་གྲངས་འབུམ་བརྒྱད་དང་ཁྲི་དྲུག་གིས་ཇེ་ཉུང་དུ་ཕྱིན་ནས་བསྟུད་མར་ལོ་བཅོ་ལྔའི་རིང་ཆེས་དམའ་བའི་ཚད་དུ་སླེབས་པ་དང་། དེ་ནི1968ལོར་སྡོམ་རྩིས་བྱས་པ་བཟུང་མི་གྲངས་ཇེ་ཉུང་དུ་སོང་ཚད་ཆེས་མཐོ་བའི་ཐེངས་ཤིག་རེད།

གྲངས་ཀ་ལས་མངོན་པ་ལྟར་ན། ལོ་དེར་སྡོམ་རྩིས་བྱས་པ་ལྟར་ན། འཇར་པན་གྱི་བྱིས་པ་སྐྱེས་ཚད་ལོ་རྒྱུས་ཐོག་དམའ་ཤོས་ཡིན་པ་དང་འདས་པོའི་གྲངས་ཀ་ལོ་རྒྱུས་ཐོག་ཆེས་མཐོ་ཤོས་སུ་སླེབས་ཡོད། འཇར་པན་གྱི《ཉི་གཞོན་གསར་འགྱུར》ཐོག་དབྱེ་ཞིབ་བྱས་པ་ལྟར་ན། འཇར་པན་གྱི་མི་གྲངས་ཇེ་ཉུང་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི་བྱིས་པ་སྐྱེས་ཚད་ཉུང་བ་དང་རྒན་པ་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་སོང་བས་རེད་ཟེར།

ལོ་ཚད་ལ་བལྟས་ན། འཇར་པན་དུ་ལོ65ཡན་གྱི་རྒན་པ་བྱེ་བ་གསུམ་དང་ས་ཡ་ལྔ་འབུམ་བདུན་ཁྲི་གཅིག་ལྷག་ཡོད་པ་དེས་སྤྱིའི་མི་གྲངས་ཀྱི29.4%ཟིན་པ་དང་། རྒན་པའི་མི་གྲངས་ད་དུང་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད། ལོ15ནས64བར་གྱི་ངལ་རྩོལ་མི་གྲངས་བྱེ་བ་བདུན་དང་ས་ཡ་གཅིག་འབུམ་བདུན་ཁྲི་བཞི་ལྷག་ཡོད་པ་དེས་སྤྱིའི་མི་གྲངས་ཀྱི59%ཟིན་པ་དང་ངལ་རྩོལ་མི་གྲངས་མུ་མཐུད་ཇེ་ཉུང་དུ་འགྲོ་བའི་གནད་དོན་ཚབས་ཆེན་གནས་ཡོད།

སྲིད་འཛིན་ཁུལ་གྱི་དབྱེ་མཚམས་ལྟར་བལྟས་ན། རྒྱལ་ས་ཏུང་ཅིང་ལས་གཞན་པའི་འཇར་པན་གྱི་ས་ཁུལ་ཞེ་དྲུག་གི་མི་གྲངས་ཆ་སྙོམས་ཀྱིས་ཇེ་ཉུང་དུ་སོང་བ་དང་། མི་གྲངས་ཇེ་ཉུང་དུ་སོང་བ་ཆེས་ཚབས་ཆེ་བ་ནི་ཆིའུ་ཐེན་རྫོང་ཡིན་པ་དང་། ཇེ་ཉུང་དུ་སོང་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་བརྒྱད་རེད།

འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། པྲོག་གསར་རིམས་ནད་ཞི་ལྷོད་དུ་སོང་བ་དང་བསྟུན་ནས་འཇར་པན་དུ་ཡོང་བར་ཚད་བཀག་བྱེད་པའི་སྲིད་ཇུས་ཇེ་ལྷོད་དུ་བཏང་བ་དང་། འཇར་པན་དུ་བསྐྱོད་དེ་རྩལ་ནུས་སློབ་སྦྱོང་བྱེད་པའི་དངོས་སྦྱོང་སློབ་མ་དང་ཕྱི་འགྲིམ་སློབ་མ་ཇེ་མང་དུ་སོང་ལ། ཕྱི་རྒྱལ་གྱི་མི་གྲངས་དེ་འཇར་པན་གྱི་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་པའི་ངལ་རྩོལ་ནུས་ཤུགས་གལ་ཆེན་དུ་གྱུར་ཡོད། 2024ལོའི་ཟླ1ཚེས1ཉིན་བར་ཕྱི་རྒྱལ་གྱི་མི་གྲངས་ས་ཡ་གསུམ་དང་འབུམ་གསུམ་ཁྲི་གཉིས་ལྷག་ལ་སླེབས་ཡོད་པ་དང་། དེ་ལོ་སྔོན་མ་ལས་མི་འབུམ་གསུམ་དང་ཁྲི་གསུམ་ཙམ་གྱིས་ཇེ་མང་དུ་སོང་ཡོད་ལ། ཆེས་ཐོག་མར་མི་ས་ཡ་གསུམ་གྱི་འགག་སྒོ་ཆེན་མོ་ལས་བརྒལ་ཡོད།

ཚེ་རིང་སྒྲོལ་མས་བསྒྱུར།