ཐུར་ཁེའི་བདེ་འཇགས་སྡེ་ཁག་གིས་དབྱི་རག་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་མཐོ་རིམ་ཁོངས་མི་བསད།
2024.07.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་བདེ་འཇགས་སྡེ་ཁག་གིས་དབྱི་རག་བྱང་ཤར་ས་ཁུལ་གྱི་བར་སྣང་འཇབ་རྒོལ་ཅིག་གི་ཁྲོད་ཁུའུ་ཨར་ཏི་བཟོ་བའི་ཏང་གི་མཐོ་རིམ་ཁོངས་མི་གཅིག་དང་དྲག་ཆས་མི་སྣ་གཞན་པ་གཉིས་བསད་ཡོད་ཟེར།

བསྒྲགས་པ་ལྟར་ན། ཐུར་ཁེའི་བདེ་འཇགས་སྡེ་ཁག་གིས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་མཐོ་རིམ་ཁོངས་མི་ཨིག་མཱེ་ཨར་ཧྥེ་ལཱ་ཐི་དང་དྲག་ཆས་མི་སྣ་གཞན་པ་གཉིས་དབྱི་རག་བྱང་ཤར་ཕྱོགས་ཀྱི་སུའུ་ལའེ་མན་ནེ་ཡཱ་གྲོང་ཁྱེར་དུ་འགུལ་སྐྱོད་བྱེད་པ་མིག་ཐིག་ཏུ་བཟུང་ཡོད་ཅིང་། དེའི་རྗེས་སུ་ཐུར་ཁེའི་རྒྱལ་ཁབ་གསང་འཕྲིན་ཅུའུ་ཡིས་རྒྱལ་ཁོངས་བརྒལ་བའི་བར་སྣང་འཇབ་རྒོལ་ཅིག་འཆར་འགོད་བྱས་ཏེ་མི་དེ་གསུམ་བསད་པ་ཡིན་ཟེར། ཐུར་ཁེའི་དཔོན་ཕྱོགས་ཀྱིས་ཐེངས་འདིའི་བར་སྣང་འཇབ་རྒོལ་གྱི་དུས་ཚོད་ནམ་ཡིན་གསལ་བཤད་བྱས་མེད།

ཉེ་བའི་ལོ་འགའི་རིང་ལ། ཐུར་ཁེའི་དམག་དཔུང་གིས་ཐེངས་མང་བོར་རྒྱལ་ཁོངས་བརྒལ་ནས་དབྱི་རག་དང་སི་རི་ཡཱའི་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་དྲག་ཆས་མི་སྣར་ཆམ་ཕབ་བཏང་། ཁུའུ་ཨར་ཏི་བཟོ་བའི་ཏང་དེ1979ལོར་བཙུགས་པ་དང་། དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག དབྱི་ལིང་། སི་རི་ཡཱ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་དུ་ཁུའུ་ཨར་ཏི་མིའི་འདུས་སྡོད་ས་ཁུལ་དུ་སྒེར་ཚུགས་ཀྱི་རྒྱལ་ཁབ་ཅིག་འཛུགས་པར་བརྩོན་ལེན་བྱེད་བཞིན་ཡོད་ལ། ཐུར་ཁེ་རྒྱལ་ཁབ་ཀྱིས་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།