མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས2023ལོར་འཛམ་གླིང་ཡོངས་སུ་ལྟོགས་སྐོམ་མྱོང་བའི་མི་དུང་ཕྱུར་བདུན་དང་བྱེ་བ་གསུམ་ས་ཡ་གསུམ་ཙམ་ཡོད་ཟེར།
2024.07.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཚེས24ཉིན་སྤེལ་བའི་སྙན་ཞུ་ལས་བཤད་རྒྱུར། འཛམ་གླིང་ཡོངས་སུ་ལྟོགས་སྡུག་མེད་པར་གཏོང་བའི་གོམ་སྟབས་ཇེ་དལ་དུ་སོང་ཡོད་ལ། ཁ་ཟས་མི་འདང་བའི་ཆུ་ཚད་དེ་ལོ་ངོ15ཡར་སྔོན་དང་གཅིག་འདྲ་རེད། 2023ལོར་འཛམ་གླིང་ཡོངས་སུ་ལྟོགས་སྐོམ་མྱོང་བའི་མི་དུང་ཕྱུར་བདུན་དང་བྱེ་བ་གསུམ་ས་ཡ་གསུམ་ཙམ་ཡོད་པ་དང་། ཆ་སྙོམས་མི་བཅུ་གཅིག་ནང་མི་གཅིག་གིས་ལྟོགས་སྡུག་མྱོང་བཞིན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅས་ཀྱིས་ཉིན་དེར་མཉམ་འབྲེལ་གྱིས2024ལོའི་འཛམ་གླིང་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་གནས་ཚུལ་ཞེས་པའི་སྙན་ཞུ་སྤེལ་ཏེ། 2022ལོ་ནས2023ལོའི་བར། ཨེ་ཤ་ཡཱ་ནུབ་མ་པ་དང་ཅཱ་ལེ་པུས། ཨ་ཧྥེ་རི་ཁ་གླིང་བཅས་ཀྱི་ས་ཁུལ་མང་ཆེ་བའི་ལྟོགས་སྡུག་མྱོང་བའི་གནས་བབ་ཇེ་སྡུག་ཏུ་སོང་ཡོད་པ་དང་། དེའི་ནང་ཨ་ཧྥེ་རི་ཁ་གླིང་གི་མི་ལྔའི་ཁྲོད་མི་གཅིག་གིས་ལྟོགས་སྡུག་མྱོང་བཞིན་ཡོད་ཟེར།

དེ་ལས་གཞན2023ལོར། འཛམ་གླིང་ཡོངས་སུ་མི་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་བྱེ་བ་གསུམ་ཚད་འབྲིང་ངམ་ཚབས་ཆེ་བའི་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ལ་འཕྲད་ཡོད་ཅིང་། ལོ་ཧྲིལ་བོར་འཚོ་བཅུད་དང་བདེ་འཇགས། ཁ་ཟས་འདང་ཚིམས་པ་བཅས་འཐོབ་ཐབས་མེད། ཁ་གྲངས་དེ2020ལོར་པྲོག་གསར་གློ་ཚད་རིམས་ནད་དབང་གིས་ཇེ་མང་དུ་སོང་བ་ཡིན་ལ། དེའི་རྗེས་སུ་ལེགས་བཅོས་མངོན་གསལ་བྱུང་མེད།

སྙན་ཞུ་ལས2030ལོའི་བར། མི་དུང་ཕྱུར་ལྔ་དང་བྱེ་བ་བརྒྱད་ས་ཡ་གཉིས་ལ་དུས་ཡུན་རིང་བོར་ཁ་ཟས་དཀོན་པའི་སྣང་ཚུལ་བྱུང་ཡོད་ཅིང་། དེ་ལས་ཕྱེད་ཀའི་ཡན་ཨ་ཧྥེ་རི་ཁར་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཁྲོད་ལྟོགས་སྡུག་སེལ་བའི་དམིགས་འབེན་དེ་དུས་ལྟར་མངོན་འགྱུར་བྱེད་དཀའ་བར་མངོན།

སྙན་ཞུ་ལས་བལྟས་ན། ས་ཁུལ་གྱི་འཁྲུག་རྩོད་དང་ནམ་ཟླའི་འགྱུར་ལྡོག དཔལ་འབྱོར་ཉམས་རྒུད་སོགས་རྒྱུ་རྐྱེན་དབང་གིས་བདེ་ཐང་གི་བཟའ་བཅའི་མ་རྩ་མཐོ་བ་དང་ཁ་ཟས་ལས་སྣོན་བྱེད་ས་གཙང་མ་མིན་པའམ་འདྲ་མཉམ་མིན་པའི་སྣང་ཚུལ་ཡོད་པས། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་མིན་པ་དང་འཚོ་བཅུད་མི་འདང་བའི་གནས་ཚུལ་མུ་མཐུད་དུ་ཇེ་སྡུག་ལ་སོང་བར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།