མའོ་ལོ་ཀི་དབུས་ཕྱོགས་ས་ཁུལ་དུ་དྲོད་ཚད་མཐོ་བའི་ནམ་ཟླ་བྱུང་སྟེ་མི21རྐྱེན་ལམ་དུ་ཤོར།
2024.07.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

མའོ་ལོ་ཀི་དབུས་ཕྱོགས་ཀྱི་པེ་ནེ་མེད་ལཱ་ལེ་གྲོང་ཁྱེར་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས25ཉིན་བཤད་རྒྱུར། ས་ཁུལ་དེའི་སྨན་ཁང་གིས་ཚེས24ཉིན་དྲོད་ཚད་མཐོ་བའི་ནམ་ཟླ་ལས་རྐྱེན་ལམ་དུ་ཤོར་བའི་མི21ཡོད་པ་སྙན་ཞུ་བྱས་ཡོད།

པེ་ནེ་མེད་ལཱ་ལེ་གྲོང་ཁྱེར་གྱི་འཕྲོད་བསྟེན་སྡེ་ཁག་གིས་གསར་འགྱུར་མ་ཡིག་ཅིག་གི་ནང་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་མི་མང་ཆེ་བ་ནི་མི་རྒན་པ་དང་ནད་རྙིང་བྱུང་མཁན་དག་ཡིན་ལ། དྲོད་ཚད་སྔར་ལས་ཇེ་མཐོར་སོང་བ་ལས་ཁོ་ཚོའི་བདེ་ཐང་གནས་ཚུལ་ཇེ་སྡུག་ཏུ་སོང་བ་རེད།

མའོ་ལོ་ཀིའི་ས་ཁུལ་སྐོར་ཞིག་གི་དྲོད་ཚད་བསྟུད་མར་ཇེ་མཐོར་སོང་བ་དང་། ལྷོ་ཕྱོགས་ཀྱི་མཱ་ལཱ་ཁཱ་ཧྲིའི་ཆེས་མཐོའི་དྲོད་ཚད་དྲོད་གྲངས་བཞི་བཅུ་ལས་བརྒལ་ཡོད་པ་དང་། བྱང་ཕྱོགས་ཀྱི་མཱེ་ཁི་ནེ་སི་གྲོང་ཁྱེར་གྱི་དྲོད་ཚད་ཇེ་མཐོར་སོང་བའི་དབང་གིས་ལུས་ཕུང་མ་བདེ་བར་སྨན་ཁང་དུ་སྡོད་པའི་མི་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ཟེར།

མའོ་ལོ་ཀིའི་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དྲོད་ཚད་མཐོ་བའི་ནམ་ཟླ་དང་དེའི་ཤུགས་རྐྱེན་ཞི་འཇགས་སུ་གཏོང་ཆེད། འཕྲོད་བསྟེན་ལས་ཁུངས་ཀྱི་མི་སྣའི་ལས་རེས་ལམ་ལུགས་ལག་བསྟར་བྱས་པ་དང་། འཕྲོད་བསྟེན་ཆེད་ལས་མི་སྣ་སྐུལ་སློང་བྱེད་པ། འབྲེལ་ཡོད་ཀྱི་སྨན་རྫས་གྲ་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་བཞིན་ཡོད། མའོ་ལོ་ཀིའི་འཕྲོད་བསྟེན་པུའུ་ཡིས་མང་ཚོགས་དག་གིས་ཆུ་མང་དུ་འཐུང་དགོས་པ་དང་། དྲོད་ཚད་ཇེ་མཐོར་སོང་བའི་སྐབས་སུ་ཕྱི་རོལ་དུ་འགྲོ་བ་དང་འགུལ་སྐྱོད་དྲག་པོ་བྱེད་པ་སྔོན་འགོག་བྱེད་དགོས་ལ། གལ་ཏེ་ལུས་ཕུང་མི་བདེ་བའི་སྣང་ཚུལ་འདྲ་བྱུང་ན་མྱུར་མོར་སྨན་པར་སྟོན་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།