ཅོར་ཏན་གྱི་རྒྱལ་བོའི་ཕོ་བྲང་གིས་ཚེས25ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཉིན་དེར་བཀའ་རྒྱ་བཏང་སྟེ། ཉིན་དེ་ནས་བཟུང་དམངས་གྲོས་ཁང་གཏོར་བ་ཁྱབ་བསྒྲགས་བྱས།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དམངས་གྲོས་ཁང་གཏོར་བ་ནི་མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ལ་གྲ་སྒྲིག་བྱེད་པ་ཡིན་ཟེར། ད་ལོའི་ཟླ4བར། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་བཀའ་རྒྱ་བཏང་སྟེ། འདེམ་བསྐོའི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་དུ་གྲོས་ཁང་འདེམ་བསྐོ་བྱེད་དགོས་པའི་རེ་བ་བཏོན། སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་དེའི་རྗེས་སུ་ཁྱབ་བསྒྲགས་བྱས་དོན། ཅོར་ཏན་གྱི་སྐབས་ཉི་ཤུ་པའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་དགུ་བའི་ཚེས་བཅུ་ཉིན་བསྡུ་རྒྱུ་ཡིན་ཟེར།
ཅོར་ཏན་གྱིས་རྒྱལ་བོའི་ཁྲིམས་འཛུགས་ལམ་ལུགས་ལག་བསྟར་བྱེད་ཅིང་། རྒྱལ་བོས་གྲོས་ཁང་འཛུགས་པ་དང་གཏོར་བའི་དབང་ཆ་ཡོད་པ་ཡིན། ཅོར་ཏན་རྒྱལ་དམངས་གྲོས་ཁང་དེ་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ཀྱིས་གྲུབ་ཡོད། གྲོས་ཞུགས་ཁང་གི་གྲོས་མི་དེ་རྒྱལ་བོས་ཐད་ཀར་དུ་བསྐོ་འཇོག་བྱེད་པ་ཡིན་ལ། དམངས་གྲོས་ཁང་གི་གྲོས་མི་སྤྱིར་བཏང་གི་འདེམ་བསྐོ་ལས་བདམས་ཐོན་བྱེད་པ་ཡིན་ལ། འགན་ཡུན་ལོ་ངོ་བཞི་རེད། ཅོར་ཏན་སྒེར་ཚུགས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོར་ཐོབ་ཐང་ཡོད་པའི་ཅོར་ཏན་གྱི་འདེམ་དམངས་ས་ཡ་ལྔ་དང་འབུམ་གཅིག་ཙམ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།