ཕེ་རུའི་ཕྱི་འབྲེལ་པུའུ་ཀྲང་ཨན་ཀི་མེན་གྱིས་ཚེས24ཉིན་བསྟན་དོན། ཀྲུང་གོས་སྣེ་ཁྲིད་དེ་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་འདོན་ཆེན་མོ་གསུམ་སོགས་ཕེ་རུ་ལྟ་བུའི་རྒྱལ་ཁབ་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། ཕེ་རུ་ཕྱོགས་གྲོས་འདོན་དེ་དག་ལ་ཞུགས་འདོད་ཡོད་ཟེར།
ཉིན་དེར་བསྡུས་པའི་ཕེ་རུ་ནས་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལོས་ཅིན་གྱིས་ལས་འགན་ཁུར་བའི་སྣེ་ལེན་ཚོགས་འདུའི་སྟེང་། ཨན་ཀི་མེན་གྱིས་ཕེ་རུ་ཕྱོགས་ཀྱི་ཚབ་བྱས་ནས་ཞུ་ཚིག་ཕུལ་ཏེ། ཕེ་རུ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འགོ། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འགོ་བཅས་ལ་གཟེངས་བསྟོད་བྱེད་བཞིན་ཡོད་ཅིང་། ཕེ་རུ་ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་གྲོས་འགོ་ཆེན་མོ་གསུམ་ནང་ཞུགས་འདོད་ཡོད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། མཉམ་ལས་མཉམ་རྒྱལ་བཅས་བྱས་ཏེ། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཡིན་ཟེར། ཨན་ཀི་མེན་གྱིས་ད་རུང་བསྟན་དོན། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོས་རྒྱལ་ཁབ་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ལོས་ཅིན་གྱིས་བསྟན་དོན། ཀྲུང་གོ་དང་ཕེ་རུའི་འབྲེལ་བ་སླར་གསོ་བྱས་རྗེས་ཀྱི་ཕེ་རུ་ནས་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཐོག་མར་གྱུར་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཕེ་རུ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། དམ་བཅའ་བརྩི་སྲུང་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་སྟེང་དུས་རབས་གསར་བའི་ཀྲུང་གོ་དང་ཕེ་རུའི་འབྲེལ་བའི་མཛེས་སྡུག་གི་མདུན་ལྗོངས་མཉམ་བསྐྲུན་བྱེད་འདོད་ཡོད་ཟེར།
ཕེ་རུའི་ཙུང་ཐུང་ཨ་ཏིས་ཨང་དང་ནེ་ཀིའི་པུའུ་ཀྲང་ཚང་མ། དབུ་བཞུགས་ཁྲིམས་དཔོན་ཆེན་མོ་ཚབ་མ། སྡེ་ཁག་སོ་སོའི་དཔོན་རིགས། ཁེ་ལས་ཀྱི་འཐུས་མི། ཕེ་རུ་ན་ཡོད་པའི་ཀྲུང་གོའི་དངུལ་གཏོང་ལས་ཁུངས་ཀྱི་འཐུས་མི། དེ་མིན་ཕྱི་སྡོད་རང་མི་སོགས་མི200ལྷག་ཉིན་དེའི་སྣེ་ལེན་ཚོགས་འདུར་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།