ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། བཀག་འཇོག་ཐེབས་པའི་ཨུ་རུ་སིའི་རྒྱུ་ནོར་བཀོལ་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་མགོ་བབརྩམས་པ་དང་། སྐོར་ཐེངས་དང་པོའི་མ་དངུལ་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་ཡིན་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀག་འཇོག་ཐེབས་པའི་ཨུ་རུ་སིའི་མ་དངུལ་ལས་བྱུང་བའི་ཁེ་སྤོགས་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་ཝུའུ་ཁི་ལན་ལ་བྱིན་ནས། ཝུའུ་ཁི་ལན་གྱི་རྒྱལ་སྲུང་དང་བསྐྱར་འཛུགས་ཐད་བཀོལ་རྒྱུ་ཡིན་ཟེར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མ་དངུལ་དེ་དག་ཡོ་རོབ་གླིང་ཞི་བདེ་ཐེབས་རྩའི་སྒྲོམ་གཞི་བརྒྱུད་དེ་ཝུའུ་ཁི་ལན་ལ་རྩིས་སྤྲོད་བྱེད་རྒྱུ་ཡིན་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་བསྟན་དོན། མ་དངུལ་དེའི་ཁྲོད་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་སྔོན་ཐོན་གྱི་དམག་དོན་སྒྲིག་ཆས་ཉོ་བསྡུའི་ཐད་བཀོལ་རྒྱུ་ཡིན་པ་དང་། དེའི་ནང་མཁའ་སྲུང་མ་ལག་དང་མེ་སྒྱོགས་སོགས་འདུས་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྲིམས་འགལ་བྱ་སྤྱོད་དེ་ཨུ་རུ་སིའི་ཕྱོགས་ཀྱིས་སྣང་མེད་དུ་བསྐྱུར་མི་སྲིད་ལ། བསམ་བློ་ཞིབ་མོ་བཏང་རྗེས་འགུལ་སྐྱོད་སྤེལ་ངེས་ཡིན་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ད་ལོའི་ཟླ་ལྔ་བར་བཅའ་ཁྲིམས་འཆར་ཟིན་བཀོད་དེ། བཀག་འཇོག་ཐེབས་པའི་ཨུ་རུ་སིའི་རྒྱུ་ནོར་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཀྲུང་དབྱང་དངུལ་འཛིན་ཉར་འཇོག་དོ་དམ་ལས་ཁུངས་ནས་ཐོན་པའི་ཁེ་སྤོགས་དག་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་བཀོལ་ནས། ཝུའུ་ཁི་ལན་གྱི་རྒྱལ་སྲུང་བཟོ་ལས་ནུས་པ་དང་བསྐྱར་འཛུགས་དགོས་མོར་རྒྱབ་སྐྱོར་བྱེད་པར་ཆོག་མཆན་བཀོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།