ཧྥ་རན་སིའི་མྱུར་བགྲོད་ལྕགས་ལམ་མ་ལག་ལ་གཏོར་བརླག་བྱ་འགུལ་དབང་གིས་གནོད་པ་ཚབས་ཆེན་ཐེབས།
2024.07.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཧྥ་རན་སིའི་རྒྱལ་གཉེར་ལྕགས་ལམ་ཀུང་ཟི་ཡིས་ཚེས26ཉིན་ཁྱབ་བསྒྲགས་བྱས་དོན། མེར་བཏང་བ་སོགས་གཏོར་བརླག་བྱ་འགུལ་དབང་གིས་ཧྥ་རན་སིའི་མྱུར་བགྲོད་ལྕགས་ལམ་མ་ལག་ལ་གནོད་པ་ཚབས་ཆེན་ཐེབས་པ་དང་། མྱུར་བགྲོད་ལྕགས་ལམ་མང་བོ་མཚམས་ཆད་དེ། མེ་འཁོར་གཏོང་ཐེངས་རྩིས་མེད་དུ་བཏང་བའམ་འགོར་འགྱངས་བྱས། ཧྥ་རན་སིའི་སྨྱན་བྱད་ཀྱིས་བཤད་རྒྱུར། མྱུར་བགྲོད་ལྕགས་ལམ་མ་ལག་ལ་གནོད་པ་ཐེབས་པའི་དབང་གིས་གནས་སྐོར་བ་བཅུ་ཕྲག་འགར་ཚད་མི་འདྲ་བའི་ཤུགས་རྐྱེན་ཐེབས་ཡོད་ཟེར།

ཧྥ་རན་སིའི་རྒྱལ་གཉེར་ལྕགས་ལམ་ཀུང་ཟི་ཡིས་བསྟན་དོན། ཚེས25ཉིན་གྱི་ནམ་གུང་ནས་ཚེས26ཉིན་གྱི་ཞོགས་པའི་བར། ནུབ་ཀྱི་རྒྱ་མཚོ་ཆེན་མོ་དང་བྱང་ཕྱོགས་དང་ཤར་ཕྱོགས་བཅས་ལམ་ཐིག་གསུམ་གྱི་མྱུར་བགྲོད་ལྕགས་ལམ་ཉེ་འདབས་སུ་དུས་མཉམ་དུ་མེར་བཏང་བ་སོགས་སོགས་ཀྱི་གཏོར་བརླག་བྱ་འགུལ་བྱུང་སྟེ། ལྕགས་ལམ་གྱི་འགྲིམ་འགྲུལ་གློག་སྒྲོན་དང་གློག་སྐུད་སོགས་སྒྲིག་ཆས་ལ་གཏོར་བརླག་གཐེབས་ཡོད། ཕཱ་རེ་སིའི་འགྲིམ་འགྲུལ་ལྟེ་གནས་མིན་ཕཱ་ཨར་ནཱ་སི་མེ་འཁོར་ས་ཚིགས་ལ་གནོད་པ་ཚབས་ཆེན་ཐེབས་པ་དང་། མེ་འཁོར་མང་བོ་གཏོང་མཚམས་བཞག་པའམ་འགོར་འགྱངས་བྱས་པའི་དབང་གིས་གནས་སྐོར་བ་མང་བོ་མེ་འཁོར་ས་ཚིགས་སུ་ཁགས་པ་རེད་ཟེར།

ཧྥ་རན་སིའི་རྒྱལ་གཅེས་ལྕགས་ལམ་ཀུང་ཟི་ཡིས་མྱུར་མོར་ཞིག་གསོ་བྱེད་བཞིན་ཡོད་ཅིང་། མྱུར་བགྲོད་ལྕགས་ལམ་སྐོར་ཞིག་གི་རྒྱུ་ལམ་བསྒྱུར་ནས། འགྲིམ་འགྲུལ་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད་ཀྱང་། ཞིག་གསོའི་བྱ་བ་དེ་ཚོད་དཔག་བྱས་ན་ཚེས29ཉིན་ད་གཟོད་ཡོངས་འགྲུབ་བྱས་ཏེ་མེ་འཁོར་གཏོང་བ་སླར་གསོ་བྱེད་ཐུབ་ངེས་རེད།

ཕཱ་རེ་སིའི་ཉེན་རྟོག་ཅུའུ་ཀྲང་ནོའུ་ནེ་ཙི་ཡིས་སྨྱན་བྱད་ལ་བཤད་རྒྱུར། ཕཱ་རེ་སིའི་མེ་འཁོར་ས་ཚིགས་སོ་སོའི་ཉེན་རྟོག་གི་དམག་ཤུགས་ཁ་སྣོན་བྱས་ཡོད་པ་དང་། བདེ་འཇགས་འགན་སྲུང་བྱ་བར་ཤུགས་སྣོན་བྱས་ཡོད་ཟེར།

ཧྥ་རན་སིའི་འགྲིམ་འགྲུལ་གྱི་འགན་ཁུར་བའི་པུའུ་ཀྲང་རིམ་པའི་འཐུས་མི་ཝེ་ཀི་ལེ་ཐི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། མྱུར་བགྲོད་ལྕགས་ལམ་གྱི་གཏོར་བརླག་བྱ་འགུལ་དེས་འགྲིམ་འགྲུལ་ལ་རྙོག་དྲ་ཆེན་པོ་བཟོས་པ་དང་། ཧྥ་རན་སིའི་མིའི་གནང་བའི་སྐབས་ཀྱི་འགྲུལ་བཞུད་ལ་ཤུགས་རྐྱེན་ཐེབས་ཡོད་པས། ཁོས་ནག་ཉེས་བྱ་སྤྱོད་དེ་རིགས་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ཟེར།

ཧྥ་རན་སིའི་ལུས་རྩལ་པུའུ་ཀྲང་ཝུའུ་ཏའེ་ཡཱ་ཁཱ་སི་ཐེ་ལཱ་ཡིས་ཀྱང་གཏོར་བརླག་གཏོང་བའི་བྱ་སྤྱོད་དེ་རིགས་ལ་རྒོལ་གཏམ་དྲག་པོ་བཏང་། ཁོ་མོས་བསྟན་དོན། ཕཱ་རེ་སིའི་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་ལ་ཉེ་སྐབས་བྱ་སྤྱོད་དེ་རིགས་སྤྱད་དེ་ཨོ་རྩལ་འགྲན་ཚོགས་ལ་གཏོར་བརླག་བཏང་སྟེ་ཧྥ་རན་སིར་ངོ་རྒོལ་བྱེད་འདོད་པ་རེད་ཟེར། ཁོ་མོས་བསྟན་དོན། མེ་འཁོར་འགོར་འགྱངས་བྱས་པའི་འགྲུལ་བ་དང་ཁྱད་པར་དུ་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་ཐེབས་པའི་ཤུགས་རྐྱེན་ལ་དཔྱད་འཇོག་བྱེད་དགོས་པར་མ་ཟད། འགྲན་སྡུར་ལ་ཞུགས་པའི་རུ་ཁག་ཚང་མ་བདེ་བླག་ངང་འགྲན་སྡུར་བྱེད་སར་འབྱོང་བར་ཁག་ཐེག་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།