ཁུ་པཱ་ཡིས་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་རྒྱལ་ཁབ་འོས་ལངས་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ།
2024.07.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཁུ་པཱའི་སྲིད་ཏང་གི་མགོ་ཁྲིད་པ་དང་མང་ཚོགས་མང་བོས་ཚེས26ཉིན་རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཧྲིན་སི་ཕིས་ལི་ཐུའུ་སི་གྲོང་ཁྱེར་ནས་དགའ་སྟོན་རྟེན་འབྲེལ་བྱ་འགུལ་སྤེལ་ཏེ། ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་རྒྱལ་ཁབ་འོས་ལངས་ཉིན་མོར་རྗེས་དྲན་བྱས།

བྱ་འགུལ་སྤེལ་སའི་ཡུལ་དངོས་སུ། ཁུ་པཱའི་མང་ཚོགས་སྟོང་གསུམ་ལྷག་གིས་རྒྱལ་དར་དང་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་ལས་འགུལ་གྱི་མཚོན་རྟགས་རང་བཞིན་གྱི་དར་ཆ་དམར་ནག་བཟུང་སྟེ་རྒྱལ་གཅེས་ཀྱི་ཁ་གཡང་མཐོན་པོར་བསྒྲགས། ཁུ་པཱའི་གསར་བརྗེའི་མགོ་ཁྲིད་པ་ལའོ་ཨར་ཁཱ་སི་ཐི་ལོ་དང་ཁུ་པཱའི་གུང་ཁྲན་ཏང་གི་ཧྲུའུ་ཅི་དང་པོ། ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་སོགས་བྱ་འགུལ་ལ་ཞུགས།

ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་སཱ་ཨར་ཝ་ཏའོ་མཱེ་སཱ་ཡིས་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཁུ་པཱའི་བཀག་སྡོམ་དང་བཙན་འཛུལ་གྱི་བྱ་སྤྱོད་གཞན་པར་ཤུགས་སྣོན་བྱས་པ་ནི་མིག་སྔར་ཁུ་པཱའི་རྒྱལ་ནང་གི་དཔལ་འབྱོར་དཀའ་ཁག་བཟོས་པའི་གཞི་རྩའི་རྒྱུ་རྐྱེན་ཡིན། ཁོས་མང་ཚོགས་ཀྱིས་བློ་གྲོས་འབུལ་བ་དང་གསར་གཏོད་ནུས་པ་འདོན་སྤེལ་བྱས་ནས་རང་སྟེང་གི་ཐོན་ཁུངས་ལ་བརྟེན་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

1953ལོའི་ཟླ7པའི་ཚེས26ཉིན། ཁུ་པཱའི་སྔོན་ཆད་ཀྱི་མགོ་ཁྲིད་པ་ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་ཡིས་ན་གཞོན100ལྷག་ཁྲིད་དེ། སྐབས་དེའི་ཁུ་པཱའི་པཱ་ཏིས་སི་ཐཱ་སྒེར་གཅོད་སྲིད་དབང་གི་དམག་དོན་འགག་སྒོ་ཆེན་མོ་གཉིས་པ་སྟེ་མིན་ཁཱ་ཏཱ་དམག་སྒར་ལ་དཔུང་འཇུག་བྱས་ཏེ། ཨ་མེ་རི་ཁའི་སྒེར་གཅོད་སྲིད་དབང་རྩ་རྫོགས་བྱེད་པའི་ཁུ་པཱའི་གསར་བརྗེའི་མེ་མདའ་དང་པོ་བརྒྱབ་པ་རེད། འོས་ལངས་དེར་མཇུག་མཐར་ཕམ་ཉེས་བྱུང་ཡང་། ཁུ་པཱའི་མི་དམངས་གཉིད་ལས་སད་པར་བྱས་ཡོད། ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་རྒྱལ་ཁབ་འོས་ལངས་ཉིན་མོ་ནི་དེའི་དབང་གིས་ཁུ་པཱའི་ཆེས་གལ་ཆེ་བའི་རྗེས་དྲན་ཉིན་མོ་ཞིག་ཏུ་གྱུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།