མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པས་པའོ་ཧེའི་མའོ་སི་ཐཱ་ཨར་གནའ་བོའི་ཟམ་པ་དེས་འཛམ་གླིང་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པར་ཉམས་མྱོང་བཟང་བོ་འདོན་སྤྲོད་བྱས་ཡོད་པའི་ཚུལ་བསྟན།
2024.07.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ཆིས་ཞིན་གྱིས་ཉེ་སྔོན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། པའོ་ཧེའི་མའོ་སི་ཐཱ་ཨར་གནའ་བོའི་ཟམ་པའི་ཞིག་གསོ་དང་སྲུང་སྐྱོབ་ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་དཔེ་སྟོན་ཡིན་པ་དང་། འཛམ་གླིང་ཤུལ་བཞག་གི་སྲུང་སྐྱོབ་བྱ་བར་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས་ཡོད་ཟེར།

མའོ་སི་ཐཱ་ཨར་གནའ་བོའི་ཟམ་པ་སླར་གསོ་བྱས་ནས་ལོ་ངོ20འགོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་སྐབས་ཆིས་ཞིན་གྱིས་བསྟན་དོན། མའོ་སི་ཐཱ་ཨར་གནའ་བོའི་ཟམ་པ་ནི་རིག་གནས་སྣ་མང་ཅན་གྱི་འཐུས་ཚབ་ཅིག་ཡིན་པ་དང་། དེས་མི་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བ། ཆོས་ལུགས་དད་མོས་མི་འདྲ་བའི་མང་ཚོགས་གཅིག་ཏུ་སྦྲེལ་ཡོད་ལ། མའོ་སི་ཐཱ་ཨར་དེ་ཤར་ནུབ་གཅིག་འབྲེལ་གྱི་བཞི་མདོར་འགྱུར་བར་བྱས་ཡོད།

ཆིས་ཞིན་གྱིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ལག་རྩལ་ཐད་ནས་གདོད་མའི་བཟོ་རྩལ་དང་རྒྱུ་ཆ་དེ་དག་བེད་སྤྱོད་བྱེད་པར་འགན་སྲུང་བྱེད་པ་དང་། འཛམ་གླིང་དངུལ་ཁང་གིས་དངུལ་གསོག་དང་ནོར་སྲིད་དོ་དམ་གྱི་འགན་ཁུར་ཡོད། པའོ་ཧེ་དང་མའོ་སི་ཐཱ་ཨར་གྲོང་ཁྱེར་སྲིད་གཞུང་གི་བྱེ་བྲག་གི་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ཏེ། འཐབ་འཁྲུག་གིས་གཏོར་བའི་གནའ་བོའི་ཟམ་པ་ཡང་བསྐྱར་སླར་གསོ་བྱུང་ཡོད་ཟེར།

མའོ་སི་ཐཱ་ཨར་གནའ་བོའི་ཟམ་པ་དེ1566ལོར་བཙུགས་པ་དང་། 1993ལོའི་པའོ་ཧེའི་འཐབ་འཁྲུག་སྐབས་སུ་གནའ་བོའི་ཟམ་པ་དེ་མེ་སྒྱོགས་ཀྱིས་གཏོར་བ་རེད། ཆིས་ཞིན་གྱིས་མཚམས་སྦྱོར་བྱས་དོན། འཐབ་འཁྲུག་གི་རྗེས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་། འཛམ་གླིང་དངུལ་ཁང་། ཕྱོགས་སོ་སོས་རོགས་འདེགས་འོག གནའ་བོའི་ཟམ་པ་བསྐྱར་འཛུགས་བྱས་པར་མ་ཟད། 2004ལོའི་ཟླ7པའི་ཚེས23ཉིན་ཡང་བསྐྱར་སྒོ་འབྱེད་བྱས་པ་རེད། 2005ལོར་གནའ་བོའི་ཟམ་པ་དང་དེའི་ཉེ་འཁོར་ས་ཁུལ་དེ་འཛམ་གླིང་ཡོངས་ཀྱི་ཤུལ་བཞག་མིང་ཐོའི་ནང་བཞག་སྟེ། ཕའོ་ལན་གྱི་འཛམ་གླིང་ཤུལ་བཞག་ནང་ཚུད་པའི་ཤུལ་བཞག་དང་པོར་གྱུར།

ཆིས་ཞིན་གྱིས་བཤད་རྒྱུར། མའོ་སི་ཐཱ་ཨར་གནའ་བོའི་ཟམ་པ་བསྐྱར་འཛུགས་བྱས་པ་དེ་ལོ་རྒྱུས་བཟོ་བཀོད་སླར་གསོ་བྱས་པར་མ་ཟད། མི་རིགས་མང་བོ་དང་ཆོས་ལུགས་མང་བོ། རིག་གནས་མང་བོའི་འཆམ་མཐུན་མཉམ་གནས་དང་འབྲེལ་འདྲིས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། མའོ་སི་ཐཱ་ཨར་གནའ་བོའི་ཟམ་པའི་ཞིག་གསོ་དང་སྲུང་སྐྱོབ་བྱེད་པའི་དོན་སྙིང་གལ་ཆེན་ནི་ས་ཁུལ་དེ་གོ་སྐབས་སུ་བྱས་ཏེ་འབྲེལ་འདྲིས་དང་རྒྱུས་ལོན་ལ་སྐུལ་འདེད་བཏང་ཡོད། དཔེ་བཞག་ན་ས་དེར་སྤེལ་བའི་ཡོ་རོབ་གླིང་ཤར་ལྷོའི་ས་ཁུལ་གྱི་རིག་གནས་པུའུ་ཀྲང་གྲོས་ཚོགས་སྤེལ་བ་ནི་གནའ་བོའི་ཟམ་པའི་སྲུང་སྐྱོབ་དབང་གིས་བྱུང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་རེད་ཟེར།

ཆིས་ཞིན་གྱིས་བསྟན་དོན། མའོ་སི་ཐཱ་ཨར་གནའ་བོའི་ཟམ་པའི་སྲུང་སྐྱོབ་བྱ་བ་དེས་ཚང་མར་སྐུལ་མ་ཐེབས་ཡོད་ཅིང་། མ་འོངས་པའི་ལོ་འགའི་ནང་འཛམ་གླིང་གིས་སྔར་ལས་མང་བོའི་འབྲེལ་ཟམ་བཙུགས་ནས་གྲོས་མོལ་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།