ལེ་པཱ་ནུན་གྱི་སྲིད་གཞུང་གིས་ཀི་ལན་མཐོ་སར་འཇབ་རྒོལ་ཐེབས་རྗེས་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་བཏང་།
2024.07.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལེ་པཱ་ནུན་སྲིད་གཞུང་གིས་ཚེས27ཉིན་དབྱི་སི་རལ་གྱིས་བཙན་བཟུང་བྱེད་པའི་ཀི་ལན་མཐོ་སར་འཇབ་རྒོལ་བྱས་རྗེས་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་བཏང་།

ལེ་པཱ་ནུན་སྲིད་གཞུང་གིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ལེ་པཱ་ནུན་སྲིད་གཞུང་གིས་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་དང་འཇབ་རྒོལ་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་བཏང་བ་དང་། ཕྱོགས་སོ་སོའི་དགྲར་འཛིན་འགུལ་སྐྱོད་མྱུར་མོར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། མི་སེར་དཀྱུས་མར་དམིགས་པའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ལ། མི་ཆོས་ཀྱི་རྩ་དོན་དང་འགལ་ཡོད་ཟེར།

དབྱི་སི་རལ་དམག་ཕྱོགས་དང་མྱུར་སྐྱོབ་རྩ་འཛུགས་ཀྱིས་ཚེས27ཉིན་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཉིན་དེའི་དགོང་མོར་ཀི་ལན་མཐོ་སྒང་དུ་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས་ཏེ། ཀི་ལན་མཐོ་སའི་མེད་ཅི་ཏའེ་ལེ་ཧྲི་མུའུ་སི་མཁར་གྲོང་དུ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་མི་སུམ་ཅུ་ལྷག་ལ་རྨས་ཕོག ཀྲིན་ཀྲུའུ་ཏང་གིས་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས་པ་ཁས་ལེན་མ་བྱས་པ་དང་། འཇབ་རྒོལ་དོན་རྐྱེན་དེར་འབྲེལ་བ་ཅི་ཡང་མེད་པའི་ཚུལ་བསྟན།

ལེ་པཱ་ནུན་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་ཚེས27ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་ཤར་ལྷོའི་ཕྱོགས་ཀྱི་སྡེ་བ་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཀྲིན་ཀྲུའུ་ཏང་གི་མི་བཞི་རྐྱེན་ལམ་དུ་ཤོར་ཡོད། ཀྲིན་ཀྲུའུ་ཏང་གིས་དེ་མ་ཐག་དབྱི་སི་རལ་བྱང་ཕྱོགས་ཀྱི་གསང་མྱུལ་བའི་མ་ལག་དང་ས་དེར་བཀོད་སྒྲིག་བྱས་པའི་དབྱི་སི་རལ་གྱི་དམག་མི་དག་དམིགས་འབེན་དུ་བྱས་ཡོད་པ་ཁྱབ་བསྒྲགས་བྱས། དབྱི་སི་རལ་གྱིས་ཉིན་དེར་ད་རུང་ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་གྱི་སྡེ་བ་བཞིར་བར་སྣང་འཇབ་རྒོལ་ཐེངས་ལྔ་བྱས་པ་དང་། སྡེ་བ་བརྒྱད་ལ་སྒྱོགས་མདེལ་སོ་ལྔ་ཙམ་གཏོང་འཕེན་བྱས་ནས་ཁང་བར་གཏོར་བརླག་ཐེབས་ཡོད་ཟེར།

ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་མགྲིན་ཚབ་པ་ཐེ་ནོང་ཏིས་ཀྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ཕྱོགས་སོ་སོའི་བར་འབྲེལ་འདྲིས་བྱས་ནས། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།