ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གིས་ཀི་ལན་མཐོ་སར་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་བཏང་།
2024.07.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་སི་རལ་གྱི་དམག་ཕྱོགས་དང་མྱུར་སྐྱོབ་རྩ་འཛུགས་ཀྱིས་ཚེས27ཉིན་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཉིན་དེའི་དགོང་ངམོར་དབྱི་སི་རལ་གྱིས་བཙན་བཟུང་བྱེད་པའི་ཀི་ལན་མཐོ་སར་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ནས། ཀི་ལན་མཐོ་སའི་མེད་ཅིང་ཏའེ་ལེ་ཧྲི་མུའུ་སི་མཁར་གྲོང་དུ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ལྷག་ལ་རྨས་ཕོག་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས27ཉིན་གྱི་དགོང་མོར་མེད་ཅི་ཏའེ་ལེ་ཧྲི་མུའུ་སི་རུ་མེ་ཤུགས་འཕུར་མདའ་བཅུ་ཕྲག་འགའ་གཏོང་འཕེན་བྱས་པ་དང་། མེ་ཤུགས་འཕུར་མདའ་སྐོར་ཞིག་གིས་རྐང་རྩེད་སྤོ་ལོ་ར་བ་ཞིག་ལ་ཕོག་ནས། བྱིས་པ་དང་བཅས་པའི་མི་སེར་དཀྱུས་མ་མང་བོར་ཤི་རྨས་བཟོས་ཡོད་ཟེར། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཏེ་ཕུབ་ཆེན་དམར་པོ་ཞེས་པས་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མང་ཆེ་བ་བྱིས་པ་ཡིན་པ་ཁས་ལེན་བྱས། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དེ་ལས་ད་རུང་མི་སུམ་ཅུ་ལྷག་ལ་རྨས་ཕོག་པ་དང་། དེ་ནི་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་ལ་བྱང་ཕྱོགས་ཀྱི་འཐབ་ཕྱོགས་ནས་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གིས་བཟོས་པའི་ཤི་རྨས་དོན་རྐྱེན་ཆེས་ཚབས་ཆེ་བ་ཞིག་རེད།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས27ཉིན་གྱི་དགོང་མོར་མེད་ཅི་ཏའེ་ལེ་ཧྲི་མུའུ་སི་རུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པ་ཁས་ལེན་མ་བྱས་པ་དང་། ཐེངས་འདིའི་འཇབ་རྒོལ་ལ་འབྲེལ་བ་ཅི་ཡང་མེད་པའི་ཚུལ་བསྟན་ཡང་། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཉིན་དེའི་སྔ་དྲོར་གསལ་སྒྲོག་ནང་བཤད་རྒྱུར། རྩ་འཛུགས་དེས་མེད་ཅི་ཏའེ་ལེ་ཧྲི་མུའུ་སི་ཉེ་འདབས་ཀྱི་དབྱི་སི་རལ་གྱི་དམག་དོན་རྟེན་གཞིར་མེ་ཤུགས་འཕུར་མདའ་བཅུ་ཕྲག་འགའ་གཏོང་འཕེན་བྱས་ཡོད་ཟེར།

དབྱི་སི་རལ་གྱི་འཕྲིན་ལམ་བཅུ་གཉིས་པའི་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁཱ་ཚི་ཡིས་དོན་རྐྱེན་དེའི་ཐད་ནས་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་འབྲེལ་འདྲིས་བྱས་པ་དང་། ཁཱ་ཚི་ཡིས་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་མ་མཐའི་ཚད་ཐིག་ཚང་མ་བརྒལ་ཡོད་པས་དབྱི་སི་རལ་དེ་ཕྱོགས་ཡོངས་ནས་འཐབ་འཁྲུག་ཅིག་ལ་འཕྲད་ཡོད་ཟེར། དབྱི་སི་རལ་གྱིས་དོན་དེའི་ཐད་རིན་དོད་ཆེན་པོ་བཏང་ཡོད་ཀྱང་། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཀྱང་དེའི་ཐད་འགྲོ་་སོང་ངེས་ཅན་གཏོང་དགོས་ཟེར།

ཀི་ལན་མཐོ་ས་ནི་སི་རི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་ས་ཁུལ་ནར་མོ་ཞིག་ཡིན་པ་དང་། དབྱི་སི་རལ་གྱིས1967ལོར་དབུས་ཤར་གྱི་འཐབ་འཁྲུག་ཐེངས་་གསུམ་པའི་ཁྲོད་ཀི་་ལན་མཐོ་སྒང་བཙན་བཟུང་བྱས་པ་དང་། འཐབ་ཇུས་ཀྱི་ས་ཁུལ་གཙོ་བོ་དེར་ཚོད་འཛིན་དང་དོ་དམ་བྱས་ཏེ། སི་རི་ཡཱ་ལ་ཕྱིར་མ་སྤྲད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀི་ལན་མཐོ་ས་དེ་དབྱི་སི་རལ་གྱི་མངའ་ཁོངས་སུ་ཁས་ལེན་བྱེད་ཀྱིན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།