ཨུ་རུ་སིའི་གྲུ་གཟིངས་རུ་ཁག་གིས་ད་ལོར་ཁུ་པཱ་རྒྱལ་ཁབ་ཏུ་ཐེངས་གཉིས་པར་འཚམས་འདྲི་བྱས།
2024.07.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཨུ་རུ་སིའི་པའོ་ལོ་ཏི་མཚོ་ཁོངས་ཀྱི་གྲུ་གཟིངས་རུ་ཁག་ཅིག་ཚེས27ཉིན་གྱི་ཞོགས་པར་ཁུ་པཱའི་ཧཱ་ཝ་ནཱ་གྲུ་ཁར་འབྱོར། དེ་ནི་ཨུ་རུ་སིའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་གིས་ད་ལོར་ཐེངས་གཉིས་པར་ཁུ་པཱ་རུ་འཚམས་འདྲི་བྱས་པ་ཡིན་ལ། འཚམས་འདྲི་ཐེངས་གཉིས་པོའི་བར་ཟླ་ངོ་གཉིས་ལས་འགོར་མེད། ཨུ་རུ་སིའི་གྲུ་གཟིངས་རུ་ཁག་ལ་སི་མའོ་ཨར་ནེ་རྟགས་ཅན་གྱི་སྦྱོང་བརྡར་གྲུ་གཟིངས་དང་། འཇིགས་བྲལ་རྟགས་ཅན་གྱི་འགེབས་སྲུང་དམག་གྲུ། ཡེ་ལེ་ནེ་ཡཱ་རྟགས་ཅན་གྱི་མཁོ་སྒྲུབ་གྲུ་གཟིངས་བཅས་འདུས། གྲུ་གཟིངས་རུ་ཁག་གྲུ་ཁར་འབྱོར་སྐབས། ཁུ་པཱའི་དམག་དཔུང་གིས་གུས་ལུགས་མེ་སྒྱོགས་བཏང་ནས་དགའ་བསུ་ཞུས།

ཁུ་པཱའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཀྱིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་གྲུ་གཟིངས་རུ་ཁག་གི་ཐེངས་འདིའི་འཚམས་འདྲིའི་ཡུན་ཚད་ནི་ཉིན་བཞི་ཡིན་པ་དང་། རྒྱུན་ལྡན་གྱི་འཚམས་འདྲིའི་ཁོངས་སུ་གཏོགས། དེའི་སྐབས་སུ་ཁུ་པཱའི་གསར་བརྗེའི་མཚོ་དམག་གི་དམག་སྤྱི་དང་ཧཱ་ཝ་ནཱའི་ཧྲིན་ཀྲང་ལ་ཐུག་འཕྲད་བྱས་པར་མ་ཟད། ས་དེའི་ལོ་རྒྱུས་རིག་གནས་ཀྱི་མཛེས་ལྗོངས་མིང་གྲགས་ཅན་ལ་ལྟ་སྐོར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།