རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་བཅོས་སྒྱུར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་།
2024.07.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཚེས26པཱ་ཞིའི་ལི་ཡའོ་རི་ནེ་ལོའུ་ནས་གྲོལ། གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་མཉམ་འབྲེལ་སྤྱི་སྒྲོག་ལས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་བཅོས་སྒྱུར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཕྱོགས་མང་བོའི་གསར་སྤེལ་དངུལ་ཁང་གི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། སྔར་ལས་འདྲ་མཉམ་དང་གཏན་འཇགས། ཕན་ནུས་མཐོ་བའི་རྒྱལ་སྤྱིའི་ཁྲལ་བསྡུའི་ལམ་ལུགས་འཛུགས་དགོས་པའི་འབོད་སྐུལ་བཏང་།

སྤྱི་སྒྲོག་ལས་བཤད་རྒྱུར། ང་ཚོས་སྟོབས་དང་ལྡན་ཞིང་འབོར་གྲངས་རྨང་གཞིར་བྱས་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་ཞིག་བཙུགས་ནས་འཛམ་གླིང་ཡོངས་ཀྱི་དངུལ་ལོར་བདེ་འཇགས་དྲ་རྒྱའི་སྙིང་བོར་བྱེད་པར་འབད་འབུངས་བྱེད་རྒྱུ་དང་། ང་ཚོས་སྔར་ལས་བཟང་ཞིང་སྔར་ལས་ཆེ་བ། སྔར་ལས་ཕན་ནུས་ལྡན་པའི་ཕྱོགས་མང་བོའི་གསར་སྤེལ་དངུལ་ཁང་མ་ལག་ཅིག་བཙུགས་ནས། རྒྱལ་ཁབ་སོ་སོའི་རྒྱུན་མཐུད་འཕེལ་རྒྱས་གནད་དོན་དང་འཛམ་གླིང་ཡོངས་ཀྱི་ས་ཁོངས་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་བསྐྱར་སྒྲོག་བྱས་ཡོད་ཟེར།

སྤྱི་སྒྲོག་ལས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མུ་མཐུད་དུ་དུས་རབས་ཉེར་གཅིག་པར་འཚམ་པའི་སྔར་ལས་འདྲ་མཉམ་དང་གཏན་འཇགས། ཕན་ནུས་མཐོ་བའི་རྒྱལ་སྤྱིའི་ཁྲལ་བསྡུའི་ལམ་ལུགས་འཛུགས་པར་འབད་འབུངས་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་ཁྲལ་བསྡུའི་མཉམ་ལས་ཀྱི་པུའུ་ཀྲང་རིམ་པའི་བསྒྲགས་གཏམ་སྤེལ་ནས། ཁྲལ་བསྡུའི་གསལ་ཚད་ལ་ཤུགས་སྣོན་པ་དང་། ཁྲལ་བསྡུའི་རྨང་གཞི་ཞིག་རལ་དུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

གྲོས་ཚོགས་ཀྱི་མཐུན་སྦྱོར་བ། པཱ་ཞིའི་ནོར་སྲིད་པུའུ་ཀྲང་ཧྥེ་ཨར་ནན་ཏའོ་ཨ་ཏཱ་ཡིས་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མཉམ་འབྲེལ་སྤྱི་སྒྲོག་དེ་ལས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཛམ་གླིང་དཔལ་འབྱོར་གྱི་ཆེས་གལ་ཆེ་བའི་ཁྱབ་ཁོངས་ཀྱི་རྒྱུས་ལོན་མཚོན་ཡོད་པ་དང་། དམིགས་ཡུལ་ནི་སྔར་ལས་གསལ་ཚད་ལྡན་པ་དང་འདྲ་མཉམ་དྲང་བདེན་གྱི་ཁྲལ་བསྡུའི་ལམ་ལུགས་ཅིག་འཛུགས་པར་སྐུལ་འདེད་བཏང་སྟེ། སྔར་ལས་འདྲ་མཉམ་གྱི་སྤྱི་ཚོགས་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་ཆེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།