དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཕའེ་ཙེ་ཞི་ཆི་དབྱང་གིས་ཙུང་ཐུང་གི་འགན་ཁུར་བར་ཆོག་མཆན་བཀོད།
2024.07.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཚེས28ཉིན་རྒྱལ་ས་ཏི་ཧེ་ལན་ནས་ཕའེ་ཙེ་ཞི་ཆི་དབྱང་གིས་དབྱི་ལིང་གི་སྐབས་གསར་བའི་ཙུང་ཐུང་གི་འགན་ཁུར་བར་དངོས་སུ་ཆོག་མཆན་འགོད་རྒྱུ་ཡིན་ཟེར།

ཉིན་དེར་རྒྱལ་ཡོངས་བརྙན་འཕྲིན་ཐད་གཏོང་ཁང་གི་མཛད་སྒོའི་སྟེང་། ཕའེ་ཙེ་ཞི་ཆི་དབྱང་གིས་ཧཱ་མཱེ་ནེ་དབྱེའི་ལག་ནས་བསྐོ་འཇོག་ཡི་གེ་བླངས་པ་དང་། དབྱི་ལིང་གི་ཙུང་ཐུང་ཚབ་མ་མུའུ་ཧི་པེ་ཨར་དང་། དབྱི་ལིང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་སོགས་དབྱི་ལིང་གི་ཆབ་སྲིད་མགོ་ཁྲིད་པ་དང་དབྱི་ལིང་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ་སོགས་མཛད་སྒོར་ཞུགས།

ཕའེ་ཙེ་ཞི་ཆི་དབྱང་གིས་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། རང་ཉིད་ལ་དབྱི་ལིང་མི་དམངས་ཀྱི་རྒྱབ་སྐྱོར་འདེམ་ཤོག་ཐོབ་ནས་ལས་འགན་ལྗིད་མོ་ཁུར་དུ་བཅུག་ཡོད་ཅིང་། ཁོས་སྲིད་གཞུང་གསར་བས་རང་ནུས་ཅི་ཡོད་བཏོན་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མ་ཟད། དྲང་བདེན་དང་འདྲ་མཉམ་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ཁས་ལེན་བྱས།

ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས30ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་རེད།

དབྱི་ལིང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་མུའུ་ཧི་སིན་དབྱེ་སི་ལཱ་མུས་ཀྱིས་ཟླ་འདིའི་ཚེས་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། དབྱི་ལིང་གི་སྔོན་ཆད་ཀྱི་འཕྲོད་བསྟེན་པུའུ་ཀྲང་ཕའེ་ཙེ་ཞི་ཆི་དབྱང་ལ་དབྱི་ལིང་གི་སྐབས་བཅུ་བཞི་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།