མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་གྱིས་ཚེས28ཉིན་དྲ་ཐོག་བརྒྱུད་དེ་བཤད་རྒྱུར། མཱ་ལེ་ཞི་ཡཱ་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སིར་འཕྲིན་ཡིག་བསྐུར་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པའི་རེ་ཞུ་བྱས་ཡོད་ཟེར།
ཨན་ཝ་ཨར་གྱིས་བཤད་རྒྱུར། ཁོས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཐུག་འཕྲད་བྱེད་སྐབས་གཙོ་བོ་མཱ་ལེ་ཞི་ཡཱ་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ནང་ཞུགས་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། དེ་རྒྱལ་ཁབ་གཉིས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ལ། ང་ཚོས་སྟོབས་དང་ལྡན་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མངོན་པར་མཚོན་ཡོད་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས27ཉིན་ནས་ཚེས28ཉིན་བར་མཱ་ལེ་ཞི་ཡཱ་རུ་འཚམས་འདྲི་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།