ཕུའུ་ཅིན་གྱིས་ཨ་མེ་རི་ཁས་འཇར་མན་དུ་འཕུར་མདའ་བཀོད་སྒྲིག་བྱས་པར་དེ་མཚུངས་ཀྱི་རྒོལ་ལན་སྤྲོད་རྒྱུའི་ཉེན་བརྡ་བཏང་།
2024.07.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས28ཉིན་ཉེན་བརྡ་བཏང་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཕྱིན་ཆད་འཇར་མན་དུ་འཕུར་མདའ་བཀོད་སྒྲིག་བྱེད་པར་དེ་མཚུངས་ཀྱི་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་ཧྲིན་པིས་ཏི་པའོ་ནས་བསྡུས་པའི་མཚོ་དམག་དུས་ཆེན་གྱི་དམག་གཟིགས་མཛད་སྒོའི་སྟེང་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། ཨ་མེ་རི་ཁ་དང་འཇར་མན་གྱིས་ཉེ་སྔོན2026ལོ་ནས་བཟུང་འཇར་མན་དུ་ཨ་མེ་རི་ཁའི་རྒྱང་འཕེན་ཕོག་ཚད་མཐོ་བའི་མཚོན་ཆ་བཀོད་སྒྲིག་བྱེད་པའི་འཆར་གཞི་ཡོད་པ་ཁྱབ་བསྒྲགས་བྱས། བྱ་སྤྱོད་དེས་ཨུ་རུ་སིའི་སྲིད་གཞུང་དང་དམག་དོན་གྱི་སྒྲིག་ཆས་གལ་ཆེན་དང་བཟོ་ལས་ལྟེ་གནས་སོགས་འཕུར་མདའི་གཏོང་འཕེན་གྱི་ཚད་ཐིག་ནང་དུ་བཞག་ཡོད་པ་དང་། འཕུར་མདའ་དེ་རིགས་ཀྱིས་སྐར་མ་བཅུ་ཙམ་གྱི་ནང་ཨུ་རུ་སིའི་མངའ་ཁོངས་ཀྱི་དམིགས་འབེན་ལ་ཆམ་ཕབ་གཏོང་ཐུབ་ལ། མ་འོངས་པར་ཉིང་རྡུལ་མདེལ་མགོ་སྒྲིག་སྦྱོར་བྱེད་ཀྱང་སྲིད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་བྱ་སྤྱོད་དེ་རིགས་རྒྱུན་འཁྱོངས་བྱས་ན། ཨུ་རུ་སིའི་ཕྱོགས་ཀྱིས་ཕྱོགས་གཅིག་ནས་འབྲིང་འཕེན་འཕུར་མདའ་བཀོད་སྒྲིག་བྱེད་མཚམས་འཇོག་པ་གནས་སྐབས་སུ་མཚམས་འཇོག་ངེས་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཡོ་རོབ་གླིང་དང་རྒྱལ་ཁབ་གཞན་པའི་འགུལ་སྐྱོད་ལ་གཞིགས་ཏེ་དེར་མཚུངས་ཀྱི་བཀོད་སྒྲིག་བྱེད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།