ཁྲའོ་ཞན་གྱིས་མེས་རྒྱལ་གྱི་བཅིངས་འགྲོལ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ71འགོར་བར་རྗེས་དྲན་བྱས།
2024.07.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས28ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱིས་ཚེས27ཉིན་རྒྱལ་ས་ཕེན་རང་ནས་བྱ་འགུལ་སྣ་ཚོགས་གཟབ་རྒྱས་ངང་བསྡུས་ཏེ། མེས་རྒྱལ་གྱི་བཅིངས་འགྲོལ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ71འགོར་བར་རྗེས་དྲན་བྱས། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གོང་གི་བྱ་འགུལ་ལ་ཞུགས།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཨུ་ཡོན། ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་རི་ཧོན་གྱིས་ཚེས27ཉིན་བསྡུས་པའི་མེས་རྒྱལ་གྱི་བཅིངས་འགྲོལ་འཐབ་འཁྲུག་ལ་ཞུགས་པའི་དམག་མི་རྒན་པར་ཐུག་འཕྲད་བྱེད་པའི་ཚོགས་ཐོག་ནས་ཞུ་ཚིག་ཕུལ་བ་དང་། ཁྲའོ་ཞན་མི་དམངས་དམག་དཔུང་གི་དཔོན་དམག་འཐུས་མིས་ཚོགས་ཐོག་ནས་མྱོང་ཚོར་གླེང་། ཚེས27ཉིན་གྱི་དགོང་མོར། ཁྲའོ་ཞན་གྱིས་ད་རུང་ཕེན་རང་ནས་མེས་རྒྱལ་གྱི་བཅིངས་འགྲོལ་འཐབ་འཁྲུག་སྐབས་ཀྱི་མཚོན་བྱེད་རུ་དཔུང་གི་རྗེས་དྲན་མཛད་སྒོ་དང་འཁྲབ་སྟོན་བྱ་འགུལ་ཆེན་མོ་སྤེལ།

ཚེས26ཉིན། ཅིན་ཀྲིན་ཨིན་གྱིས་ཕེན་རང་ནས་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་མཆོད་རྟེན་ལ་མཇལ་ཕྱག་བྱས་པ་དང་། ཁྲའོ་ཞན་དང་ཀྲུང་གོའི་མཛའ་བརྩེ་དེ་བློ་བརྟན་འགྱུར་མེད་ངང་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་ཐུབ་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན། ཉིན་དེར་ཅིན་ཀྲིན་ཨིན་གྱིས་ད་རུང་མེས་རྒྱལ་གྱི་བཅིངས་འགྲོལ་འཐབ་འཁྲུག་གི་སྔོན་གཤེགས་དཔའ་བོའི་བང་སོ་ནས་མྱ་ངན་ཞུས་པར་མ་ཟད། ཏཱ་ཁྲིན་རི་བོའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོར་མཇལ་ཕྱག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།