ལེ་པཱ་ནུན་གྱི་ཙུང་ལི་ཡིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2024.07.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ལེ་པཱ་ནུན་གྱི་ལྟ་སྐྱོང་ཙུང་ལི་མུས་ཁཱ་ཐིས་ཀྱིས་ཚེས28ཉིན་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་ནས་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་བཞག་སྟེ། མིག་སྔའི་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ལེ་པཱ་ནུན་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལེ་པཱ་ནུན་གྱི་སྲིད་གཞུང་གིས་རྣམ་པ་གང་རུང་གི་མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། འཐབ་ཕྱོགས་སོ་སོའི་སྟེང་རྒྱུན་མཐུད་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་ནི་མི་སྣར་སྔར་ལས་ཤི་རྨས་ཐེབས་པ་དང་ས་ཁུལ་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་པའི་ཐག་གཅོད་ཇུས་གཞི་གཅིག་པུ་ཡིན་ཟེར།

མུས་ཁཱ་ཐིས་ཀྱིས་ཕྱི་འབྲེལ་དང་ཆབ་སྲིད་སྦྲེལ་མཐུད་རབ་དང་རིམ་པ་སྤེལ་ནས། མིག་སྔའི་གནས་ཚུལ་ཚབས་ཆེན་དང་དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་ཡང་ཡང་འཇིགས་ཉེན་བཟོས་པར་ཁ་གཏད་འཇལ་བ་རེད།

ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལེ་པཱ་ནུན་གྱི་ཕྱི་འབྲེལ་བློན་ཆེན་ཧཱ་པུས་པུའུ་ཡིས་ཉིན་དེར་དབྱི་སི་རལ་གྱིས་བཙན་བཟུང་བྱེད་པའི་ཀི་ལན་མཐོ་སར་ཚེས27ཉིན་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་ནས་རྒྱལ་སྤྱིའི་རྟོག་ཞིབ་སྤེལ་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། ལེ་པཱ་ནུན་གྱིས་ཅཱ་ཧྲ་ས་ཁུལ་དང་ལེ་པཱ་ནུན། དབྱི་སི་རལ་བཅས་འདུས་པའི་འཛམ་གླིང་ཡོངས་ཀྱི་ས་ཁུལ་གང་རུང་ནས་མི་སེར་དཀྱུས་མ་དམིགས་འབེན་དུ་བྱས་པའི་འཇབ་རྒོལ་བྱ་སྤྱོད་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། ཁོས་དབྱི་སི་རལ་གྱིས་ལེ་པཱ་ནུན་དུ་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱས་པ་ལས་ས་ཁུལ་གྱི་འཐབ་འཁྲུག་འབྱུང་དུ་འཇུག་སྲིད་པའི་ཉེན་བརྡ་བཏང་།

ལེ་པཱ་ནུན་གྱི་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་མི་མེད་གནམ་གྲུ་དང་འཐབ་འཛིང་གནམ་གྲུས་ཚེས28ཉིན་གྱི་ཕྱི་དྲོར་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་གྱི་གྲོང་རྡལ་དང་སྡེ་བ་གསུམ་ལ་འཇབ་རྒོལ་ཐེངས་གསུམ་བྱས་ཏེ། མི་སེར་དཀྱུས་མ་བཞིར་རྨས་ཕོག་ཡོད་ཟེར། དེ་ལས་གཞན་དབྱི་སི་རལ་གྱི་མེ་སྒྱོགས་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་གྱི་གྲོང་རྡལ་དང་སྡེ་བ་དགུར་སྒྱོགས་མདེལ་བཞི་བཅུ་ཙམ་གཏོང་འཕེན་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།