ལི་ཐའོ་ཝན་ལ་ཚེས28ཉིན་ནས་བཟུང་ཉེ་བའི་ལོ་འགའི་རིང་མཐོང་དཀོན་པའི་དྲག་ཆར་གྱི་འཇིགས་པ་ཐེབས་པ་དང་། ས་ཁུལ་ཁ་ཤས་སུ་ཆར་ཤ་དྲག་པོ་བབས་ཏེ། མིག་སྔར་མི་གཅིག་རྐྱེན་ལམ་དུ་ཤོར་ཡོད་ལ། ཁྱིམ་ཚང་འབུམ་གཅིག་ལྷག་ལ་གློག་ཆད་ཡོད་ཟེར།
ལི་ཐའོ་ཝན་གྱི་མེ་གསོད་རྒུད་སྐྱོབ་སྡེ་ཁག་གི་མགྲིན་ཚབ་པས་བཤད་རྒྱུར། དྲག་ཆར་བབས་པ་ལས་ས་དེའི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་དྲུག་སྟོང་ལྔ་ལ་གློག་ཆད་པ་དང་། སྡོང་བོ་མང་བོ་ལོག་སྟེ་མི་གཅིག་སྡོང་བོ་ལོག་ནས་བསད་པ་རེད་ཟེར།
ལི་ཐའོ་ཝན་གྱི་ལྕགས་ལམ་ཀུང་ཟིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ས་ཝེ་ཨར་ཉིག་སི་ནས་ཁའོ་ནཱ་སི་སོགས་བར་གྱི་མེ་འཁོར་ལ་འགོར་འགྱངས་བྱས་ཡོད་ཟེར། ཝེ་ཨར་ཉིག་སི་གནམ་གྲུ་ཐང་གིས་བསྟན་དོན། དྲག་ཆར་གྱི་ཉེན་ཁའི་དབང་གིས་གནམ་གྲུ་གཏོང་ཐེངས་མང་བོ་མེད་པར་བཟོས་ཡོད་ཟེར།
ལི་ཐའོ་ཝན་གྱི་ཆུ་དཔྱད་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་བཤད་རྒྱུར། ཚེས29ཉིན་ནས་ཚེས30ཉིན་བར། ལི་ཐའོ་ཝན་ཤར་ཕྱོགས་ས་ཁུལ་དུ་སྔར་བཞིན་ཆར་ཆེན་འབབ་སྲིད་པས། སྡོད་དམངས་དག་གིས་གནོད་འཚེ་སྔོན་འགོག་བྱེད་པར་ཤུགས་སྣོན་དགོས་པའི་གྲོས་གཞི་བཏོན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།