ཝེ་ནེ་ཙུའེ་ལཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་མཱ་ཏུའུ་ལོ་ཡང་བསྐྱར་ཙུང་ཐུང་དུ་བདམས་པ་ཁྱབ་བསྒྲགས་བྱས་པ་དང་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་མང་བོས་རྟེན་འབྲེལ་ཞུས།
2024.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཝེ་ནེ་ཙུའེ་ལཱའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས29ཉིན་གྱི་ཞོགས་པར་ཁྱབ་བསྒྲགས་བྱས་དོན། སྲིད་འཛིན་པའི་རྒྱལ་གཅེས་ཆེན་མོའི་མནའ་འབྲེལ་གྱི་འདེམ་སྒུག་མི་སྣ། ད་ལྟའི་ཙུང་ཐུང་མཱ་ཏུའུ་ལོ་ཡང་བསྐྱར་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་དུ་བདམས་ཐོན་བྱུང་ཡོད་པ་དང་། ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་མང་བོས་རྟེན་འབྲེལ་ཞུས་ཡོད་ཟེར།

ཝེ་ནེ་ཙུའེ་ལཱ་ཡིས་ཚེས28ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། བསྡོམས་པས་འདེམ་སྒུག་མི་སྣ་བཅུ་འདེམ་བསྐོ་ལ་ཞུགས་ཡོད། རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བརྒྱ་ཆའི་བརྒྱད་ཅུའི་འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། མཱ་ཏུའུ་ལོ་ལ་བརྒྱ་ཆའི་གཅིག་དང་གྲངས་ཆུང་གཉིས་ཀྱི་འདེམ་ཤོག་ཐོབ་ཡོད་པ་དང་། ངོ་རྒོལ་ཕྱོགས་ཁག་མནའ་འབྲེལ་དམངས་གཙོ་མཐུན་སྒྲིལ་མནའ་འབྲེལ་གྱི་འདེམ་སྒུག་མི་སྣ་ཀང་སཱ་ལོས་སི་ལ་བརྒྱ་ཆའི་ཞེ་བཞི་དང་གྲངས་ཆུང་གཉིས་ཀྱི་འདེམ་ཤོག་ཐོབ་ཡོད་ལ། འདེམ་སྒུག་མི་སྣ་གཞན་པ་བརྒྱད་ལ་བསྡོམས་པས་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་གི་འདེམ་ཤོག་ཐོབ་ཡོད་ཟེར།

མཱ་ཏུའུ་ལོ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། སྲིད་འཛིན་བཀའ་རྒྱ་མྱུར་དུ་བཀོད་ནས་གྲོས་མོལ་འཕེལ་རིམ་མགོ་རྩོམ་རྒྱུ་ཡིན་ལ། རྒྱལ་ཡོངས་ཀྱི་ཆབ་སྲིད་སྟོབས་ཤུགས་སོ་སོས་ཐུན་མོང་གི་ལྟ་ཚུལ་གསར་བ་འགོད་དུ་འཇུག་རྒྱུ་ཡིན་ཟེར། དམངས་གཙོ་མཐུན་སྒྲིལ་མནའ་འབྲེལ་གྱིས་འདེམ་བསྐོའི་མཇུག་འབྲས་ལ་ངོ་རྒོལ་བྱས།

ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་མཱ་ཏུའུ་ལོ་ཡིས་བསྟུད་འགན་ཁུར་བར་རྟེན་འབྲེལ་ཞུས་པ་དང་། ཁུ་པཱ་ཡིས་ཝེ་ནེ་ཙུའེ་ལཱ་དང་དཔུང་བ་མཉམ་གཤིབ་ཀྱིས་འབད་འཐབ་བྱེད་རྒྱུ་ཁས་ལེན་བྱས། ནི་ཁཱ་རཱ་ཀཱའི་སྲིད་གཞུང་གིས་སྤྱི་སྒྲོག་སྤེལ་ཏེ། ཝེ་ནེ་ཙུའེ་ལཱའི་མི་དམངས་ལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས། ཧོང་ཏུ་རཱ་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་ཡིས་བསྟན་དོན། མཱ་ཏུའུ་ལོ་དང་ཝེ་ནེ་ཙུའེ་ལཱའི་མི་དམངས་ཀྱིས་རྩོད་གླེང་མེད་པའི་རྒྱལ་ཁ་བླངས་ཡོད་ཟེར། པའོ་ལེ་ཝེ་ཡཱའི་ཙུང་ཐུང་ཨ་ཨར་སེ་ཡིས་མུ་མཐུད་དུ་ཝེ་ནེ་ཙུའེ་ལཱའི་བར་གྱི་མཛའ་བརྩེ་དང་མཉམ་ལས། མཐུན་སྒྲིལ་བཅས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན་ཡོད་ཟེར།

ཨ་ཀིན་ཐིན་དང་ཕཱ་ནཱ་མཱ། ཝུ་རཱ་ཀུའེ་སོགས་རྒྱལ་ཁབ་དགུའི་ཕྱི་འབྲེལ་བློན་ཆེན་གྱིས་མཉམ་འབྲེལ་སྤྱི་སྒྲོག་སྤེལ་ཏེ། འདེམ་སྒུག་མི་སྣའི་འཐུས་མི་ཚང་མས་ཡང་བསྐྱར་འདེམ་ཤོག་རྩིས་ལེན་བྱེད་པར་ཆོག་མཆན་བཀོད་དེ་འདེམ་བསྐོའི་མཇུག་འབྲས་དེས་མི་དམས་ཀྱི་འདོད་བློར་བརྩི་འཇོག་བྱེད་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།