ཕཱ་ནཱ་མཱའི་ཙུང་ཐུང་གིས་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཕྱི་འབྲེལ་མི་སྣ་ཕྱིར་འབོད་རྒྱུ་ཁྱབ་བསྒྲགས་བྱས།
2024.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཕཱ་ནཱ་མཱའི་ཙུང་ཐུང་མུའུ་ལེ་ནོའུ་ཡིས་ཚེས29ཉིན་ཁྱབ་བསྒྲགས་བྱས་དོན། ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཕཱ་ནཱ་མཱའི་ཕྱི་འབྲེལ་མི་སྣ་ཕྱིར་བོས་པར་མ་ཟད། ཝེ་ནེ་ཙུའེ་ལཱའི་བར་གྱི་ཕྱི་ཕྱོགས་འབྲེལ་བ་མཚམས་འཇོག་རྒྱུ་ཡིན་ཟེར།

མུའུ་ལེ་ནོའུ་ཡིས་ཉིན་དེའི་སྔ་དྲོར་རྒྱལ་ས་ཕཱ་ནཱ་མཱ་མཁར་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཕཱ་ནཱ་མཱ་དང་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཉེ་སྔོན་གནོད་པ་ཚབས་ཆེན་ཐེབས་ཡོད་པ་དང་། དེའི་རྒྱུ་མཚན་ལ་ཝེ་ནེ་ཙུའེ་ལཱ་སྲིད་གཞུང་གིས་ཕཱ་ནཱ་མཱའི་མཁའ་འགྲུལ་ཀུང་ཟིར་མཁའ་ཁོངས་བཀག་སྡོམ་བྱས་པ་དང་ཝེ་ནེ་ཙུའེ་ལཱ་ཡི་མཇུག་སྒྲིལ་མ་ཐག་པའི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་མཇུག་འབྲས་སོགས་འདུས་ཡོད་ཟེར།

ཝེ་ནེ་ཙུའེ་ལཱའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས29ཉིན་གྱི་ཞོགས་པར་ཁྱབ་བསྒྲགས་བྱས་དོན། སྲིད་འཛིན་པའི་རྒྱལ་གཅེས་ཆེན་མོའི་མནའ་འབྲེལ་གྱི་འདེམ་སྒུག་མི་སྣ། ད་ལྟའི་ཙུང་ཐུང་མཱ་ཏུའུ་ལོ་ཡང་བསྐྱར་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་དུ་བདམས་ཐོན་བྱུང་། ཁུ་པཱ་དང་ནི་ཁཱ་རཱ་ཀ ཧོང་ཏུ་རཱ་སི་སོགས་རྒྱལ་ཁབ་ཀྱིས་ཉིན་དེར་རྟེན་འབྲེལ་བྱས་པ་དང་། ཨ་ཀིན་ཐིན་དང་ཕཱ་ནཱ་མཱ། ཝུ་རཱ་ཀུའེ་སོགས་རྒྱལ་ཁབ་དགུའི་ཕྱི་འབྲེལ་བློན་ཆེན་གྱིས་མཉམ་འབྲེལ་སྤྱི་སྒྲོག་སྤེལ་ཏེ། འདེམ་སྒུག་མི་སྣའི་འཐུས་མི་ཚང་མས་ཡང་བསྐྱར་འདེམ་ཤོག་རྩིས་ལེན་བྱེད་པར་ཆོག་མཆན་བཀོད་དེ་འདེམ་བསྐོའི་མཇུག་འབྲས་དེས་མི་དམས་ཀྱི་འདོད་བློར་བརྩི་འཇོག་བྱེད་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།