དབྱི་རག་དམངས་དམག་དྲག་ཆས་པའི་རྟེན་གཞི་ཞིག་ལ་འཇབ་རྒོལ་ཐེབས་ནས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་སྐྱོན་ཕོག
2024.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ7པའི་ཚེས30ཉིན། དབྱི་རག་ནང་སྲིད་པུའུ་ཡི་འབྲེལ་ཡོད་མི་སྣས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་རྟེན་གཞི་ཞིག་ལ་ཉིན་དེའི་དགོང་མོར་མི་མེད་གནམ་གྲུས་འཇབ་རྒོལ་བྱས་ཏེ། མི3རྐྱེན་ལམ་དུ་ཤོར་བ་དང་མི7ལ་རྨས་སྐྱོན་ཕོག་ཡོད་ཟེར།

གནས་ཚུལ་ཤེས་མཁན་གྱིས་བཤད་པ་ལྟར་ན། འཇབ་རྒོལ་བྱས་པའི་ས་གནས་ནི་དབུས་ཕྱོགས་ཀྱི་པཱ་པུས་ལོན་ཞིང་ཆེན་གྱི་བྱང་ངོས་ཀྱི་ཀྲུའུ་ཨར་ཧྥུའུ་ནཱ་སེ་ཨར་ས་ཁུལ་དུ་གནས། འཇབ་རྒོལ་དེ་ལས་རྩ་འཛུགས་དེའི་མི3རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་མི7ལ་རྨས་སྐྱོན་ཕོག་ཡོད་ཟེར།

མིག་སྔར། རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པའི་སྐོར་གྱི་གནས་ཚུལ་ཅི་ཡང་བསྒྲགས་མེད་ལ། དབྱི་རག་དབང་འཛིན་ལས་ཁུངས་ཀྱིས་ཀྱང་དོན་རྐྱེན་དེའི་ཐད་ནས་གསལ་སྒྲོག་ཅི་ཡང་སྤེལ་མེད།


དངོས་སྦྱོང་སློབ་མ་རྡོ་རྗེ་དཔལ་འབྱོར་གྱིས་བསྒྱུར།