མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒེར་ཚུགས་ཀྱི་ཆེད་མཁས་པ་གསུམ་གྱིས་ཟླ7པའི་ཚེས30ཉིན་ཨ་མེ་རི་ཁས་ཁུ་པཱ་རྒྱལ་ཁབ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ཁྲོད་ནས་ལེན་དགོས་པའི་སྐུལ་མ་བཏང་།
ཉིན་དེར་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ཅིག་ལས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་གཅིག་ནས་བཙན་གྱི་བྱེད་ཐབས་སྤྱད་དེ་འགྲོ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་གནད་དོན་གྱི་དམིགས་བསལ་སྙན་ཞུ་པ་ཨ་ལའེ་ནཱ་ཏུའུ་ཧན་དང་། འགྲོ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་མཐུན་སྒྲིལ་གནད་དོན་གྱི་སྒེར་ཚུགས་ཆེད་མཁས་པ་སེ་ཞི་ལེ་ཡཱ་པཱ་ཡེ། རྒྱལ་སྤྱིའི་སྒྲིག་ལམ་གནད་དོན་གྱི་སྒེར་ཚུགས་ཆེད་མཁས་པ་ཆའོ་ཀྲི་ཁཱ་ཐི་ལུའུ་ཅཱ་ལོ་སི་བཅས་ཀྱིས་ཨ་མེ་རི་ཁའི་སྲིད་གཞུང་གིས2021ལོ་ནས་བཟུང་ཁུ་པཱ་རྒྱལ་ཁབ་དེ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་མིང་ཐོའི་ནང་བཞག་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཅིང་། དེ་ལས་དཔལ་འབྱོར་དང་དངུལ་ལོར་གྱི་བཀག་སྡོམ་རབ་དང་རིམ་པ་བྱུང་སྟེ། ཁུ་པཱའི་དཔལ་འབྱོར་དཀའ་ཁག་ཇེ་སྡུག་ཏུ་བཏང་ཡོད་པར་མ་ཟད། ཁུ་པཱ་རྒྱལ་ཁབ་དེ་དཔལ་འབྱོར་འགྲན་རྩོད་ཆེན་མོར་འཕྲད་པའི་གནད་འགག་གི་དུས་སྐབས་སུ་རང་གི་མི་དམངས་ཀྱི་དགོས་མཁོ་བསྐང་བའི་ནུས་པར་བཀག་རྒྱ་བཟོས་ཡོད་པར་འདོད།
ཆེད་མཁས་པ་ཚོས་བསྟན་དོན། ཨ་མེ་རི་ཁའི་བྱེད་ཐབས་དེས་ཁུ་པཱའི་མི་དམངས་ཀྱི་འདས་པའི་ལོ་ངོ་གསུམ་ནས་བཞིའི་ནང་མདུན་དུ་ལྷགས་པའི་འགྲན་རྩོད་ཇེ་ཆེར་བཏང་ཡོད་ལ། ཁུ་པཱའི་བར་ཉོ་ཚོང་དང་འབྲེལ་བ་གཞན་པ་སྲུང་འཛིན་དང་འཕེལ་རྒྱས་གཏོང་འདོད་ཡོད་པའི་རྒྱལ་ཁབ་དང་ཁེ་ལས། ཁེ་ཕན་འབྲེལ་བ་ཡོད་མཁན་དག་གི་སེམས་ཁུར་ཇེ་ཆེར་བཏང་སྟེ། མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་དང་འཕེལ་རྒྱས་རོགས་སྐྱོར་ཐད་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་ལ། ཁྱད་པར་དུ་ཟས་རིགས་དང་སྨན་རྫས་སོགས་གཞི་རྩའི་དངོས་རྫས་ཀྱི་མཁོ་འདོན་ཐད་བཀག་རྒྱ་ཆེན་པོ་ཐེབས་ཡོད་ཟེར།
ཆེད་མཁས་པས་ཚོས་ནན་གྱིས་བསྟན་དོན། ཕྱོགས་གཅིག་ནས་ཁུ་པཱ་རྒྱལ་ཁབ་དེ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་མིང་ཐོའི་ནང་བཞག་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་འགལ་ཡོད་ལ། དེའི་ནང་རྒྱལ་ཁབ་ཀྱི་བདག་དབང་འདྲ་མཉམ་ཡིན་པ་དང་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། ཞི་བའི་སྒོ་ནས་རྩོད་གླེང་ཐག་གཅོད་བྱེད་པ་བཅས་ཀྱི་རྩ་དོན་འདུས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།