མཉམའ་བྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ7པའི་ཚེས30ཉིན་གྲོས་ཆོད་གཉིས་བདུན་བཞི་ལྔར་གྲོས་མཐུན་བཀོད་དེ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་ཆའི་སྐྱེལ་འདྲེན་བཀག་རྒྱ་མེད་པར་གཏོང་རྒྱུ་ཐག་བཅད།
ཆོད་དོན་དེ་ལས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས2025ལོའི་ཟླ7པའི་ཚེས31ཉིན་གྱི་སྔོན་ལ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། ཐད་ཀར་རམ་བརྒྱུད་པའི་སྒོ་ནས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་འགུལ་སྐྱོད་བྱེད་པའི་དྲག་ཆས་ཚོགས་ཁག་དང་འབྲེལ་ཡོད་མི་སྒེར་ལ་མཚོན་ཆ་དང་འབྲེལ་ཡོད་རྒྱུ་ཆ་གང་རུང་འདོན་སྤྲོད་དང་ཕྱིར་འཚོང་བྱེད་པར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།
གྲོས་ཆོད་ལས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བཀག་སྡོམ་ཆེད་མཁས་ཚན་ཆུང་གི་འགན་ཡུན་དེ2025ལོའི་ཟླ8པའི་ཚེས31ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་དང་། ཆེད་མཁས་ཚན་ཆུང་གིས་ཆེས་འཕྱིས་ན2025ལོའི་ཟླ་དང་པོའི་ཚེས31ཉིན་གྱི་སྔོན་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་དུས་ཡུན་འབྲིང་གི་སྙན་ཞུ་ཞིག་སྤྲོད་དགོས་པ་དང་། ཆེས་འཕྱིས་ན2025ལོའི་ཟླ6པའི་ཚེས15ཉིན་གྱི་སྔོན་ལ་མཇུག་མཐའི་སྙན་ཞུ་ཞིག་སྤྲོད་དགོས་པའི་རེ་བ་བཏོན་པར་མ་ཟད། ཆེད་མཁས་ཚན་ཆུང་གིས་མུ་མཐུད་དུ་རྒྱལ་ཁབ་དེའི་དྲག་ཆས་ཚོགས་ཁག་ལ་མ་དངུལ་འདོན་སྤྲོད་བྱེད་པ་དང་། ཁྲིམས་འགལ་གྱི་རྒྱལ་ཁོངས་བརྒལ་བའི་ལྐོག་འཚོང་དྲ་རྒྱ་མཁོ་འདོན་བྱེད་པར་དོ་སྣང་བྱས་ཏེ་དབྱེ་ཞིབ་བྱེད་དགོས་པའི་རེ་བ་བཏོན།
2013ལོའི་ཟླ12པར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་བདེ་དང་གཏན་འཇགས་ལ་གཏོར་བརླག་གཏོང་མཁན་ལ་མཚོན་ཆའི་སྐྱེལ་འདྲེན་གཏན་འགོག་བྱེད་ཐབས་སྤྱོད་རྒྱུ་ཐག་བཅད། 2014ལོའི་ཟླ་དང་པོར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གཏན་འགོག་བཀའ་རྒྱ་དང་རྒྱུ་ནོར་ཉར་འཇོག་གི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཐག་བཅད་པ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེའི་རྗེས་སུ་ཐེངས་མང་བོར་བཀག་སྡོམ་བྱེད་ཐབས་ཀྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་བཏང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།