སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཟླ7པའི་ཚེས30ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་སྲིད་གཞུང་གིས་ཨ་མེ་རི་ཁའི་སྲིད་གཞུང་བར་གྲོས་མོལ་བྱས་ནས། ཟླ8པའི་ཚེས14ཉིན་ནས་བཟུང་སུའེ་ཙེར་ནས་སྤེལ་རྒྱུ་ཡིན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གྲ་སྒྲིག་གང་ལེགས་བྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་ཨ་མེ་རི་ཁས་ཚེས23ཉིན་སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་གདན་དྲངས་ནས་སུའེ་ཙེར་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་སྤེལ་བའི་ཐད་ལན་བྱིན་པ་རེད། སུའུ་ཏན་སྲིད་གཞུང་གིས་སུའུ་ཏན་གྱི་འཁྲུག་རྩོད་མཇུག་སྒྲིལ་བ་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པར་དམིགས་པའི་གྲོས་མོལ་གང་རུང་ལ་ཞུགས་འདོད་ཡོད་པ་དང་། འདུམ་འགྲིག་ཕྱོགས་ཁག་གང་རུང་བར་མཉམ་ལས་བྱེད་པའི་སྤྲོ་བ་ཡོད་ཟེར།
གསལ་སྒྲོག་ལས་ནན་གྱིས་བསྟན་དོན། གྲོས་མོལ་གང་ཡིན་ཡང་སྔ་མོ་ནས་སུའུ་ཏན་སྲིད་གཞུང་གྲོས་མོལ་བྱས་ཏེ་དེའི་རྣམ་པ་དང་གྲོས་རིམ། ཟབ་ཞུགས་མཁན་བཅས་ཐག་གཅོད་བྱེད་དགོས་པར་མ་ཟད། ཅི་ཏཱའི་གྲོས་མོལ་དང་དེ་ལས་བཀོད་པའི་གྲོས་མཐུན་ལས་གཏན་འཁེལ་བྱས་པའི་འོས་འགན་དེ་རྨང་གཞིར་བྱེད་དགོས་པ་དང་། ཁྱད་པར་དུ་ཕྱོགས་ཡོངས་ནས་ཕྱིར་འཐེན་དང་འཁྲུག་རྩོད་མཚམས་འཇོག་པའི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པའི་ནང་དོན་གཞིར་བཟུང་དགོས་ཟེར།
ཚེས23ཉིན། ཨ་མེ་རི་ཁས་སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཟླ8པའི་ཚེས14ཉིན་སུའེ་ཙེར་ནས་སྤེལ་རྒྱུ་ཡིན་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ཞུགས་པར་གདན་ཞུ་བྱས་ཡོད་པར་མ་ཟད། གྲོས་མོལ་དེར་ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་ཀྱིས་མཉམ་དུ་མགོ་འཛིན་བྱས་པ་ཡིན་ལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། མཉམ་འབྲེལ་རྒྱལ་ཚོགས་བཅས་ལྟ་ཞིབ་པ་ཡིན་ཟེར།
སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མགོ་ཁྲིད་པ་ཏཱ་ཅཱ་ལོ་ཡིས་ཚེས24ཉིན་གྱི་ཞོགས་པར་བཤད་རྒྱུར། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་འཛུགས་སྐྲུན་རང་བཞིན་ལྡན་པའི་རྣམ་འགྱུར་གྱིས་ཐེངས་འདིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།