ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཟླ7པའི་ཚེས30ཉིན་ཁྱབ་བསྒྲགས་བྱས་དོན། ཨུ་རུ་སིའི་མཚོ་དམག་གི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་དང་ཞི་བདེ་རྒྱ་མཚོའི་གྲུ་གཟིངས་རུ་ཁག པའོ་ལོ་ཏི་མཚོའི་གྲུ་གཟིངས་རུ་ཁག དེ་མིན་ལི་མཚོའི་མཚོ་ཁོངས་ཀྱི་གྲུ་གཟིངས་རུ་ཁག་བཅས་ཀྱིས་འཆར་གཞིའི་ནང་གི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཆུ་ཐོག་གི་མྱུར་བགྲོད་གྲུ་གཟིངས་དང་ཆུ་འཛུལ་གྲུ་གཟིངས། འགན་སྲུང་གྲུ་གཟིངས་བཅས300ཙམ་དང་། གནམ་གྲུ50ཙམ། དམག་དོན་དམིགས་བསལ་སྒྲིག་ཆས་ཆ་ཚང200ལྷག དེ་མིན་དམག་དོན་མི་སྣ་ཁྲི་གཉིས་ལྷག་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ཟེར། མ་འོངས་པའི་ཉིན་འགའི་ནང་། ཨུ་རུ་སིའི་མཚོ་དམག་གིས་མདེལ་དངོས་མའི་སྦྱོང་བརྡར་ཐེངས300ལྷག་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་མཚོ་ངོས་དང་བར་སྣང་གི་དམིགས་འབེན་ལ་དམིགས་པའི་མཁའ་སྲུང་འཕུར་མདའི་གཏོང་འཕེན་དང་མེ་སྒྱོགས་གཏོང་འཕེན་སོགས་འདུས་ཡོད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་མཚོ་དམག་གི་རིམ་པ་སོ་སོའི་དམག་དོན་བཀོད་འདོམ་ལས་ཁུངས་ཀྱི་འགུལ་སྐྱོད་ཆུ་ཚད་དང་། དེ་མིན་གྲུ་གཟིངས་དང་མཚོ་དམག་གི་མཁའ་འགྲུལ་དམག་དཔུང་དང་མཚོ་འགྲམ་ཉེན་སྲུང་དམག་དཔུང་གིས་སྔོན་ནས་གཏན་འཁེལ་བྱས་པའི་ལས་འགན་ཡོངས་འགྲུབ་བྱེད་པའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱེད་ཆེད་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།