མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ7པའི་ཚེས31ཉིན་ཁོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕྱོགས་སོ་སོས་འབད་བརྩོན་ཆེན་པོ་བྱས་ཏེ། དབུས་ཤར་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་བཏང་ནས་དུས་ཡུན་རིང་བོའི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། མིག་སྔར་བྱ་བ་གང་ཡིན་ཡང་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་། དབྱི་སི་རལ་གྱི་བཀག་འཇུག་ཐེབས་པའི་མི་སྣ་ཚང་མ་ཕྱིར་གཏོང་བ། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་བ། ལེ་པཱ་ནུན་དང་དབྱི་སི་རལ་གྱི་མཐའ་མཚམས་ས་ཁུལ་གྱི་ཞི་འཇགས་སླར་གསོ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས་ཀྱང་། ཉེ་སྔོན་གྱི་གནས་བབ་འཕེལ་རྒྱས་ལས་དམིགས་འབེན་དེ་དག་མངོན་འགྱུར་བྱེད་པར་གཏོར་བརླག་བཟོས་ཡོད། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་དང་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་གྱི་འཇབ་རྒོལ་ལས་གནས་བབ་དེ་ཉེན་ཁ་དང་ཛ་དྲག་ཅན་དུ་འགྱུར་བཞིན་པ་མཚོན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཚོར་སྐྱེན་གྱི་དུས་སྐབས་འདིར་རང་ཚོད་བཟུང་བ་ཙམ་གྱིས་མི་འདང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། དབུས་ཤར་ས་ཁུལ་ཧྲིལ་བོ་ཉེན་ཁའི་གནས་སུ་སྐྱེལ་བ་དང་མི་སེར་དཀྱུས་མར་གསོད་རྨས་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པའི་འགུལ་སྐྱོད་གང་རུང་ལ་བཀག་འགོག་བྱེད་དགོས།
དམིགས་འབེན་དེ་མངོན་འགྱུར་བྱེད་པའི་བྱེད་ཐབས་ལ་ཕྱོགས་ཡོངས་ནས་ཕྱི་འབྲེལ་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར།
ཉིན་དེར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ས་ཁུལ་དེར་འགུལ་སྐྱོད་སྤེལ་ན་ཧ་ཅང་ཉེན་ཁ་ཆེ་བའི་ཉེན་བརྡ་བཏང་བ་དང་། འགུལ་སྐྱོད་ལས་ལས་འབྱུང་སྲིད་པའི་མཇུག་འབྲས་ཚབས་ཆེན་ཚོར་མེད་ཟེར། ཀའེ་ཐི་ཡིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་དགོས་ངེས་ཀྱི་གནོན་ཤུགས་བྱིན་ནས། ས་ཁུལ་དེར་ཕྱོགས་ཡོངས་ནས་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།