2024ལོའི་ཟླ7པའི་ཚེས31ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མཐའ་མཚམས་དང་རྒྱ་མཚོའི་ལས་དོན་ཟི་ཡི་ཟི་ཀྲང་ཧོང་ལིང་དང་རྒྱ་གར་ཕྱི་འབྲེལ་པུའུ་ཡི་ཨེ་ཤ་ཡཱ་ཤར་མའི་ཟི་ཡི་མཉམ་འབྲེལ་དྲུང་ཡིག་ཏའེ་གོ་ལན་གཉིས་ཀྱིས་དྷི་ལེ་གསར་བ་ནས་མཉམ་དུ་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ལས་དོན་གྲོས་མོལ་དང་མཐུན་སྦྱོར་བྱ་བའི་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས30པར་མགོ་འཛིན་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་། གནས་སྤོར་སྡོད་དམངས་སོགས་སྡེ་ཁག་གི་འཐུས་མི་གྲོས་ཚོགས་ལ་ཞུགས།
ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཉེ་སྔོན་གྲོས་མོལ་བྱས་ཏེ་བཀོད་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་གང་ལེགས་བྱེད་པ་དང་། ཀྲུང་གོ་དང་དབྱིན་ཇིའི་མཐའ་མཚམས་ཀྱི་འབྲེལ་ཡོད་གྱི་བྱེ་བྲག་གི་གནད་དོན་གཙོར་བཟུང་ནས། ཕན་ཚུན་གྱི་ལུགས་མཐུན་སེམས་ཁུར་ལ་བསམ་བློ་བཏང་སྟེ། སྔ་མོ་ནས་ཕྱོགས་གཉིས་ཀྱིས་དང་ལེན་ཐུབ་པའི་ཐག་གཅོད་ཇུས་གཞི་འགོད་པར་ཡིད་འཐད་བྱུང་། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་དམག་དོན་གྱི་ཐབས་ལ་བརྟེན་ནས་འབྲེལ་འདྲིས་སྲུང་འཛིན་བྱེད་པ་དང་། གྲོས་མོལ་རྐྱེན་སྲོལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། གྲོས་མོལ་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། སྔ་མོ་ནས་མཐའ་མཚམས་ཀྱི་གནས་བབ་ཇེ་བཟང་དུ་འགྲོ་བ་མངོན་འགྱུར་བྱས་ཏེ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྐྱོན་བྲལ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་འཐད་པ་བྱུང་བར་མ་ཟད། ཕྱོགས་གཉིས་ཀྱིས་སྔོན་བཀོད་པའི་གྲོས་མཐུན་གྲོས་ཆོད་བརྩི་སྲུང་ནན་མོ་བྱས་ནས། མུ་མཐུད་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་འཐད་པ་བྱུང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།