ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཟླ7པའི་ཚེས31ཉིན་དེར་མྱ་ངན་ཞུ་བའི་ཉིན་མོར་ཁྱབ་བསྒྲགས་བྱས་ཏེ། ལྐོག་གསོད་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་མགོ་ཁྲིད་པ་ཧཱ་ནེ་ཡཱ་ལ་མྱ་ངན་ཞུས།
ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་པཱ་སི་ཡིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་དཔོན་ཕྱོགས་ལས་ཁུངས་ཀྱིས་དར་ཆ་ཕྱེད་ཙམ་མར་ཕབ་དགོས་པའི་རེ་བ་བཏོན། ཁོས་ལྐོག་གསོད་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཕཱ་ལེ་སི་ཐན་མི་དམངས་ཀྱིས་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ་ཏང་།
ཧཱ་མཱ་སི་ཡིས་ཚེས31ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སིའི་མགོ་ཁྲིད་པ་ཧཱ་ནེ་ཡཱ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་ཡོད་པའི་སྡོད་ཁང་ནས་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་ཡིན་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་གནས་སྐབས་སུ་ཧཱ་ནེ་ཡཱ་ལྐོག་གསོད་ཐེབས་པའི་དོན་ལ་དཔྱད་འཇོག་གང་ཡང་སྤེལ་མེད།
ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་མནའ་འབྲེལ་མི་རིགས་དང་དབྱི་སི་ལན་སྟོབས་ཤུགས་ཅེས་པས་ཚེས31ཉིན་གསལ་སྒྲོག་སྤེལ་ཏེ། ལྐོག་གསོད་བྱེད་པའི་བརྡར་མའི་བྱ་སྤྱོད་དེ་ལས་ཕཱ་ལེ་སི་ཐན་མི་དམངས་ཀྱི་སེམས་ཤུགས་ཉམས་པར་བྱེད་མི་སྲིད་ལ། ཁོ་ཚོ་མུ་མཐུད་དུ་རང་དབང་དང་སྒེར་ཚུགས་ཀྱི་ཕྱོགས་སུ་མདུན་བསྐྱོད་བྱེད་ངེས་ཡིན་ཟེར།
གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་དབྱི་སི་རལ་ཕྱོགས་ཀྱིས་ལྐོག་གསོད་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་ཟེར། དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱིས་དབྱི་ལིང་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་སྐྱེལ་བ་དང་། དབྱི་ལིང་གིས་རྒོལ་ལན་འོས་འཚམ་སྤྲོད་རྒྱུའི་དབང་ཆ་ཡོད་ཟེར།
ཨེ་ཅིབ་དང་དབྱི་རག ཨུ་རུ་སི་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ནས་ལྐོག་གསོད་བྱ་སྤྱོད་དེར་རྒོལ་གཏམ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།