དབྱི་རག་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་མགྲིན་ཚབ་པ་ལཱ་སུའུ་ཨར་གྱིས་ཟླ7པའི་ཚེས31ཉིན་བསྟན་དོན། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཚེས30ཉིན་གྱི་དགོང་མོར་དབྱི་རག་གི་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ལ་འཇབ་རྒོལ་བྱས་པའི་མཇུག་འབྲས་ལ་འགན་ཁུར་དགོས་ཟེར།
ལཱ་སུའུ་ཨར་གྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། འཇབ་རྒོལ་དེ་ལས་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་ཁོངས་མི་འགར་ཤི་རྨས་བཟོས་པ་དང་། དེ་ནི་མི་གཞན་སྐྱི་གཡའ་བར་བྱེད་པའི་ནག་ཉེས་བྱ་སྤྱོད་དང་མངོན་སུམ་འཛེམ་མེད་ཀྱི་བཙན་འཛུལ་བྱ་སྤྱོད་ཅིག་རེད། བཙན་འཛུལ་གྱི་བྱ་སྤྱོད་ཚབས་ཆེན་འདི་རིགས་ཀྱིས་དབྱི་རག་དང་ས་ཁུལ་ཧྲིལ་བོ་འཐབ་འཁྲུག་གི་ཉེན་ཁའི་གནས་སུ་སྐྱེལ་སྲིད་པས། དབྱི་རག་གིས་དགོས་ངེས་ཀྱི་བཅའ་ཁྲིམས་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་བདེ་འཇགས་དང་བདག་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
དེའི་སྔོན་དབྱི་རག་ནང་སྲིད་པུའུ་ཡི་གནས་ཚུལ་ཤེས་མཁན་ཞིག་གིས་གསར་འགོད་པར་བཤད་རྒྱུར། མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་པཱ་པུས་ལོན་ཞིང་ཆེན་བྱང་ངོས་ཀྱི་ཀྲུའུ་ཨར་ཧྥུའུ་ནཱ་སེ་ཨར་ས་ཁུལ་དུ་ཡོད་པའི་རྟེན་གཞི་ཞིག་ལ་ཚེས30ཉིན་གྱི་དགོང་མོར་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ནས་མི་མང་བོར་ཤི་རྨས་བཟོས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།