ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཟླ7པའི་ཚེས31ཉིན་གསལ་སྒྲོག་སྤེལ་ཏེ། ཀྲིན་ཀྲུའུ་ཏང་གི་མཐོ་རིམ་དམག་དོན་བཀོད་འདོམ་པ་ཧྲུའུ་ཁུའུ་ཨར་ཚེས30ཉིན་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་ལྷོ་འདབས་སུ་བར་སྣང་འཇབ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།
གསལ་སྒྲོག་ལས་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ནཱ་སི་ལུའུ་ལཱ་ཡིས་ཟླ8པའི་ཚེས1ཉིན་སྤེལ་རྒྱུ་ཡིན་པའི་ཧྲུའུ་ཁུའུ་ཨར་གྱི་དུར་འཇུག་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ནས། དབྱི་སི་རལ་གྱིས་པེ་རུ་ཐིའི་ལྷོ་འདབས་སུ་འཇབ་རྒོལ་བྱས་པའི་ཡ་ང་བའི་དོན་རྐྱེན་དེའི་ཐད་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་སྟོན་རྒྱུ་ཡིན་ཟེར།
ལེ་པཱ་ནུན་གྱི་ལྟ་སྐྱོང་ཙུང་ལི་མུས་ཁཱ་ཐིས་ཀྱིས་ཟླ7པའི་ཚེས31ཉིན་ནེ་ཀིའི་གྲོས་ཚོགས་སྟེང་དབྱི་སི་རལ་གྱིས་པེ་རུ་ཐིའི་ལྷོ་འདབས་སུ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། གལ་ཏེ་དབྱི་སི་རལ་གྱིས་མུ་མཐུད་དུ་མངོན་སུམ་འཛེམ་མེད་ཀྱིས་ལྐོག་གསོད་ནག་ཉེས་བཟོས་ན་གནས་བབ་ཇེ་སྡུག་ཏུ་འགྲོ་སྲིད་ཟེར། མུས་ཁཱ་ཐིས་ཀྱིས་ནན་གྱིས་བསྟན་དོན། ལེ་པཱ་ནུན་གྱིས་འཐབ་འཁྲུག་མི་འདོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་འཇོག་པར་སྐུལ་མ་གཏོང་དགོས་པར་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་བརྩི་སྲུང་བྱེད་དགོས་ཟེར།
ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་མི་མེད་གནམ་གྲུས་ཟླ7པའི་ཚེས30ཉིན་གྱི་དགོང་མོར་པེ་རུ་ཐིའི་ལྷོ་འདབས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ཞིག་ལ་འཇབ་རྒོལ་བྱས། ལེ་པཱ་ནུན་གྱི་འཕྲོད་བསྟེན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཧྲུའུ་ཁུའུ་ཨར་ལས་གཞན་ཐེངས་འདིའི་འཇབ་རྒོལ་ལས་ད་རུང་བུད་མེད་གསུམ་དང་བྱིས་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དོན་བཞིར་རྨས་ཕོག་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ7པའི་ཚེས30ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་མཁའ་དམག་གི་གནམ་གྲུས་ཉིན་དེར་པེ་རུ་ཐིའི་ས་ཁུལ་དུ་གནས་གཏན་འཁེལ་བྱས་ནས་རྩ་མེད་དུ་གཏོང་བའི་འགུལ་སྐྱོད་སྤེལ། ཧྲུའུ་ཁུའུ་ཨར་བར་སྣང་འཇབ་རྒོལ་དེའི་ཁྲོད་བསད་པ་རེད། དབྱི་སི་རལ་ཕྱོགས་ཀྱིས་ཧྲུའུ་ཁུའུ་ཨར་གྱིས་ཉེ་སྔོན་དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་སའི་མེད་ཅི་ཏའེ་ལེ་ཧྲི་མུའུ་སི་མཁར་གྲོང་གི་འཇབ་རྒོལ་དོན་རྐྱེན་ལ་འགན་འཁུར་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།