སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་ཟླ7པའི་ཚེས31ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་འགན་གཅིག་ལྕོགས་སུ་ཁུར་མཁན་པུའུ་ཨར་ཧན་གྱིས་ཉིན་དེར་སུའུ་ཏན་ཤར་ཕྱོགས་ཀྱི་དམག་དོན་རྟེན་གཞི་ཞིག་ཏུ་དམག་དོན་སློབ་གླིང་གི་མཐར་ཕྱིན་མཛད་སྒོར་ཞུགས་སྐབས་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས། སྟབས་ལེགས་པ་ཞིག་ལ་པུའུ་ཨར་ཧན་ལ་སྐྱོན་ཅི་ཡང་བྱུང་མེད་ཀྱང་། འཇབ་རྒོལ་དེ་ལས་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་མང་བོར་རྨས་ཕོག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། མི་མེད་གནམ་གྲུ་གཉིས་ཀྱིས་དམག་དོན་སློབ་གླིང་གི་མཐར་ཕྱིན་མཛད་སྒོ་དམིགས་འབེན་དུ་བཟུང་སྟེ། སུའུ་ཏན་ཤར་ཕྱོགས་ཀྱི་མཚོ་དམར་མངའ་སྡེའི་ཅེ་པེད་ཐི་དམག་དོན་རྟེན་གཞིར་འཇབ་རྒོལ་བྱས་པ་དང་། སུའུ་ཏན་དྲག་ཆས་དམག་དཔུང་གིས་ས་ངོས་ཀྱི་མཁའ་སྲུང་མཚོན་ཆ་བཀོལ་ནས་བཀག་འགོག་བྱས་པ་རེད།
མིག་སྔར། རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།
དེ་ནི་ན་ནིང་གི་ཟླ་བཞི་བར་སུའུ་ཏན་དྲག་ཆས་པ་དང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་འཁྲུག་རྩོད་བྱུང་བའི་ཚུན་ལ། མངའ་སྡེ་དེར་ཐོག་དང་པོར་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།