མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་ཨ་མའི་འོ་ཆུས་བྱིས་པ་གསོ་བར་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།
2024.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ7པའི་ཚེས31ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཨ་མའི་འོ་ཆུས་བྱིས་པ་གསོ་བར་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་བ་དང་། དེ་ནི་ཨ་མ་དང་བྱིས་པའི་འཚོ་སྡོད་དང་འཕེལ་རྒྱས་དབང་ཆར་སྲུང་སྐྱོབ་བྱེད་པའི་གནད་འགག་ཅིག་ཡིན་པར་འདོད།

བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ལཱ་སེ་ཨར་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་གཉིས་ཀྱིས་གསལ་སྒྲོག་ནང་བཤད་རྒྱུར། འདས་པའི་ལོ་ངོ12ནང་། འཛམ་གླིང་ཡོངས་སུ་ཨ་མའི་འོ་ཆུ་ཁོ་ནར་བརྟེན་ནས་གསོ་བའི་ཟླ་ངོ་དྲུག་མན་གྱི་བྱི་པའི་ཁ་གྲངས་བརྒྱ་ཆའི་བཅུའི་ཡན་ཇེ་མང་དུ་སོང་། དེ་ལས་མིག་སྔར་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་ཞེ་བརྒྱད་ཀྱི་ཟླ་ངོ་དྲུག་མན་གྱི་བྱིས་པ་ཨ་མའི་འོ་ཆུ་ཁོ་ནས་གསོ་བ་མངོན་འགྱུར་བྱུང་བ་མཚོན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གཞི་གྲངས་གསར་བ་ལྟར་ན། ཨ་མའི་འོ་ཆུའི་བསྣུན་ཚད་ཇེ་མཐོར་སོང་ན། ལོ་རེར་བྱིས་པ་འབུམ་བརྒྱད་དང་ཁྲི་གཉིས་ལྷག་སྲོག་ཉེན་ལས་ཐར་བཞིན་ཡོད། ཨ་མའི་འོ་ཆུའི་ཁྲོད་ཀྱི་ནད་འགོག་གྲུབ་ཆ་དེ་བྱིས་པའི་ནད་འགོག་པར་ཕན་ཐོགས་ཡོད་པ་ཡིན་ལ། ཨ་མའི་འོ་ཆུ་བསྣུན་ན་ད་རུང་ཨ་མར་འབྲས་སྐྲན་གྱི་ནད་གང་རུང་འབྱུང་བའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ་པ་ཡིན་ཟེར།

གསལ་སྒྲོག་ལས་བལྟས་ན། ཨ་མའི་འོ་ཆུ་བསྣུན་པར་རྒྱབ་སྐྱོར་བྱེད་པར་འབྲེལ་ཡོད་གཞི་གྲངས་ཀྱི་གཅིག་སྡུད་བྱ་བ་བཟང་བོར་བསྒྲུབ་དགོས། མིག་སྔར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཕྱེད་ཀ་ཙམ་གྱིས་མ་གཏོགས་ཨ་མའི་འོ་ཆུ་བསྣུན་པའི་ཚད་ཀྱི་གཞི་གྲངས་བསྡོམས་རྩིས་བྱས་མེད།

ཟླ8པའི་ཚེས1ཉིན་ནས་ཚེས7ཉིན་བར་ནི་སྐབས་སོ་གསུམ་པའི་འཛམ་གླིང་ཨ་མའི་འོ་ཆུ་བསྣུན་པའི་གཟའ་འཁོར་ཡིན་པ་དང་། ད་ལོའི་བྱ་འགུལ་གྱི་བརྗོད་སྙིང་ནི་བར་ཁྱད་ཇེ་ཆུང་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཨ་མའི་འོ་ཆུ་བསྣུན་པར་རྒྱབ་སྐྱོར་བྱེད་དགོས་ཞེས་པ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།