ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གི་གསར་འགྱུར་ཅུའུ་ཡིས་ཟླ8པའི་ཚེས1ཉིན་སྤྱི་སྒྲོག་སྤེལ་ཏེ། ཐུར་ཁེ་རྒྱལ་ཁབ་གསང་འཕྲིན་ཅུའུ་ཡི་བར་འདུམ་འོག ཨ་མེ་རི་ཁ་དང་། འཇར་མན། ཕོ་ལན། སི་ལོ་ཝུན་ནེ་ཡཱ། ནོར་ཝེ། ཨུ་རུ་སི། ཨུ་རུ་སི་དཀར་པོ་བཅས་རྒྱལ་ཁབ་བདུན་གྱིས་ཉིན་དེར་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་བཙོན་མ་བརྗེ་སྤོར་བྱས་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་བརྗེ་སྤོར་འགུལ་སྐྱོད་དེ་མི་ཉེར་དྲུག་ལ་འབྲེལ་ཡོད་པ་དང་། དེའི་ནང་མི་བཅུ་ཨུ་རུ་སིར་བརྒྱུད་སྤྲོད་བྱས་པ་དང་། མི་བཅུ་གསུམ་འཇར་མན་ལ་བརྒྱུད་སྤྲོད་བྱས་ལ། མི་གསུམ་ཨ་མེ་རི་ཁར་བརྒྱུད་སྤྲོད་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བཙོན་མ་བརྗེ་སྤོར་བྱེད་པར་དེའི་སྔོན་ཨུ་རུ་སིར་བཀག་འཇུག་བྱེད་པའི་ཨ་མེ་རི་ཁའི་ཧྭ་ཨར་སྲང་ལམ་ཚགས་པར་གྱི་མའོ་སི་ཁོ་རུ་སྡོད་པའི་གསར་འགོད་པ་ཨེ་ཝུན་ཀི་ཨར་ཧྲི་ཁི་ཝེ་ཆི་དང་ཨུ་རུ་སི་ནས་གསང་མྱུལ་བའི་ཉེས་ཆད་ཕོག་པའི་ཨ་མེ་རི་ཁའི་སྔོན་ཆད་ཀྱི་མཚོ་དམག་སྐམ་འཐབ་རུ་ཁག་གི་ཁོངས་མི་པའོ་ལོ་ཧོས་ལན། དེ་མིན་སྔོན་འཇར་མན་དུ་བཀག་འཇུག་བྱས་ཡོད་པའི་ཨུ་རུ་སིའི་སྤྱི་དམངས་ཝ་ཅི་མུའུ་ཁི་ལཱ་ཞི་ཁི་ཧྥུའུ་སོགས་འདུས།
ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས་གཅིག་ཉིན་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་གནས་ཚུལ་དྲངས་ནས་བསྒྲགས་པ་ལྟར་ན། ཉིན་དེར་ཐུར་ཁེའི་ཨན་ཁཱ་ལཱའི་གནམ་གྲུ་ཐང་ནས་བཙོན་མ་བརྗེ་སྤོར་བྱས་པ་དང་། ཨུ་རུ་སིའི་སྤྱི་དམངས་བརྒྱད་བརྗེ་སྤོར་བརྒྱུད་དེ་ཕྱིར་རྒྱལ་ནང་དུ་ལོག་པ་དང་། གཞན་ཡང་བྱིས་པ་གཉིས་ཀྱང་མཉམ་དུ་ཕྱིར་རྒྱལ་ནང་ལ་ལོག་པ་རེད།་ཟེར། ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་གཅིག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གཞན་པས་བཀག་འཇུག་བྱས་པའི་ཨུ་རུ་སིའི་སྤྱི་དམངས་ཕྱིར་རྒྱལ་ནང་དུ་ལོག་པར་བྱེད་ཆེད། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཅའ་ཁྲིམས་བཀའ་རྒྱ་བཀོད་དེ་པའོ་ལོ་ཧོས་ལན་དང་ཨེ་ཝུན་ཀི་ཨར་ཧྲི་ཁི་ཝེ་ཆི་སོགས་མི་བཅུ་གསུམ་སྲོག་ཐར་ལ་བཏང་།
ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་ཨུ་རུ་སི་སོགས་རྒྱལ་ཁབ་མང་བོས་བཙོན་མ་བརྗེ་སྤོར་བྱེད་པའི་གྲོས་མཐུན་ཅིག་བཀོད་པ་དང་། དེའི་ནང་ཨ་མེ་རི་ཁའི་སྤྱི་དམངས་གསུམ་དང་། འཇར་མན་གྱི་སྤྱི་དམངས་ལྔ་འདུས་པའི་ཨུ་རུ་སིའི་བཙོན་ཁང་དུ་བཀག་འཇུག་བྱེད་པའི་མི་བཅུ་དྲུག་བཙོན་གྲོལ་བཏང་ཟེར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེར་གསལ་སྒྲོག་ཅིག་ལས་བསྟན་དོན། འཇར་མན་དང་ཕོ་ལན། སི་ལོ་ཝུན་ནེ་ཡཱ། ནོར་ཝེ། ཐུར་ཁེ་བཅས་འདུས་པའི་རྒྱལ་ཁབ་མང་བོ་གྲོས་མོལ་ལ་ཞུགས་ཡོད་ལ། ཐེངས་འདིའི་བཀོད་པའི་གྲོས་མཐུན་ནི་ཕྱི་འབྲེལ་ཐད་ཀྱི་རླབས་ཆེན་བྱ་སྤྱོད་ཅིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།