ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པས་ལྐོག་གསོད་བྱ་སྤྱོད་ལ་འཁོན་ལན་སློག་རྒྱུའི་ཚུལ་བསྟན།
2024.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ནཱ་སི་ལུའུ་ལཱ་ཡིས་ཟླ8པའི་ཚེས1ཉིན་བསྟན་དོན། ཀྲིན་ཀྲུའུ་ཏང་དང་འགོག་རྒོལ་འཐབ་ཕྱོགས་ཚང་མའི་དབྱི་སི་རལ་བར་གྱི་འཐབ་འཁྲུག་དེ་དུས་རིམ་གསར་བ་ཞིག་ཏུ་བསླེབས་པ་དང་། ཀྲིན་ཀྲུའུ་ཏང་གི་མཐོ་རིམ་དམག་དོན་བཀོད་འདོམ་དཔོན་པོ་ཧྲུའུ་ཁུའུ་ཨར་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མགོ་ཁྲིད་པ་ཧཱ་ནེ་ཡཱ་གཉིས་ལྐོག་གསོད་ཐེབས་པའི་དོན་ལ་འཁོན་ལན་སློག་རྒྱུ་ཡིན་ཟེར།

ནཱ་སི་ལུའུ་ལཱ་ཡིས་ཉིན་དེར་ཧྲུའུ་ཁུའུ་ཨར་གྱི་དུར་འཇུག་མཛད་སྒོའི་སྟེང་བརྙན་རིས་གཏམ་བཤད་སྤེལ་ཏེ། དབྱི་སི་རལ་གྱིས་ཧྲུའུ་ཁུའུ་ཨར་དང་ཧཱ་ནེ་ཡཱ་གཉིས་ལྐོག་གསོད་བྱས་པ་ཡིན་ལ། ཅང་མི་འགོར་བར་འཁོན་ལན་སློག་ངེས་ཡིན་ཟེར། ཁོས་བསྟན་དོན། མགོ་ཁྲིད་པ་ལྐོག་གསོད་བྱས་པ་ལས་འགོག་རྒོལ་འགུལ་སྐྱོད་ལ་ཤུགས་རྐྱེན་ཐེབས་མི་སྲིད་པ་དང་། འགོག་རྒོལ་འགུལ་སྐྱོད་སྔར་ལས་སྟོབས་ལྡན་དུ་གྱུར་ནས། རྩ་འཛུགས་གྲུབ་ཚུལ་ཁྲོད་བར་སྟོང་གང་རུང་མྱུར་མོར་ཁ་གསབ་བྱེད་ངེས་ཡིན་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཟླ7པའི་ཚེས30ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་མཁའ་དམག་གི་འཐབ་འཛིང་གནམ་གྲུས་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ས་ཁུལ་དུ་གཙང་ཕྱགས་འགུལ་སྐྱོད་སྤེལ་ནས། ཧྲུའུ་ཁུའུ་ཨར་བར་སྣང་འཇབ་རྒོལ་དེའི་ཁྲོད་བསད། ཟླ7པའི་ཚེས31ཉིན། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་གསལ་སྒྲོག་སྤེལ་ནས་ཧྲུའུ་ཁུའུ་ཨར་ཚེས30ཉིན་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས།

ཧཱ་མཱ་སི་ཡིས་ཟླ7པའི་ཚེས31ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་ནེ་ཡཱ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་ཡོད་པའི་སྡོད་ཁང་ནས་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར། དབྱི་སི་རལ་གྱི་དམག་དཔུང་གིས་གནས་སྐབས་སུ་ཧཱ་ནེ་ཡཱ་ལྐོག་གསོད་ཐེབས་པར་དཔྱད་བརྗོད་ཅི་ཡང་སྤེལ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།