དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཚབ་མས་དབྱི་ལིང་གིས་དགོས་ངེས་ཀྱི་འགུལ་སྐྱོད་གང་རུང་སྤེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ཡོད་པའི་ཚུལ་བསྟན།
2024.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཟླ8པའི་ཚེས1ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཚབ་མ་པཱ་ཀའེ་ལི་ཡིས་ཉེ་སྔོན་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་བཅས་ལ་འཕྲིན་ཡིག་བསྐུར་ནས། དབྱི་ལིང་གིས་དགོས་ངེས་ཀྱི་འགུལ་སྐྱོད་གང་རུང་སྤེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཆོད་སེམས་ཡོད་པའི་ཚུལ་བསྟན།

པཱ་ཀའེ་ལི་ཡིས་འཕྲིན་ཡིག་ནང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་གྲོས་ཚོགས་དང་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་བྲེལ་མྱུར་གྲོས་ཚོགས་བསྡུ་དགོས་པའི་རེ་བ་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་དབྱི་སི་རལ་གྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་གྱི་མིར་དམིགས་པའི་ནག་ཉེས་བྱ་སྤྱོད་སྤེལ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱི་ལིང་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས་གཅིག་ཉིན་ཏི་ཧེ་ལན་ནས་ཧཱ་ནེ་ཡཱ་ལ་གྱེས་ཕྱག་འབུལ་པའི་མཛད་སྒོའི་སྟེང་བསྟན་དོན། དབྱི་ལིང་གིས་དུས་ཚོད་དང་ས་གནས་འོས་འཚམ་ནས་རྒོལ་ལན་སྤྲོད་པའི་འགན་འཁྲི་ཡོད་པ་དང་། དབྱི་སི་རལ་གྱིས་དབྱི་ལིང་གི་མངའ་ཁོངས་ནས་བཟོས་པའི་ཉེས་སྤྱོད་ལ་རིན་དོད་ཆེན་པོ་གཏོང་དགོས་ཟེར།

དབྱི་ལིང་གི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་མུའུ་ཧན་མའོ་ཏི་ཧི་སེ་ཡུན་པཱ་ཀའེ་ལི་ཡིས་ཚེས་གཅིག་ཉིན་བསྟན་དོན། དབྱི་ལིང་གིས་དབྱི་སི་རལ་ལ་འཁོན་ལན་ཇི་ལྟར་སློག་པར་ཐག་གཅོད་བྱེད་བཞིན་ཡོད་པ་དང་། འཁོན་ལན་སློག་ཁོ་ཐག་ཡིན་ཟེར། དབྱི་ལིང་གི་སྐམ་དམག་གི་སྤྱི་ཁྱབ་དམག་སྤྱི་མུའུ་སཱ་ཝེ་ཡིས་ཀྱང་ཧཱ་ནེ་ཡཱ་ལྐོག་གསོད་ཐེབས་པར་འཁོན་ལན་སློག་ཁོ་ཐག་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།