ཟླ8ཚེས1ཉིན། ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་ཡིས་བཤད་རྒྱུར། ཝེ་ནེ་ཙུའེ་ལའི་མི་དམངས་ནི་ད་གཟོད་དབང་ཆ་སྟེར་མཁན་དང་ཐག་གཅོད་བྱེད་མཁན་གྱི་ཕྱོགས་ཁོ་ན་ཡིན་པའི་དབང་གིས། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་འདེམས་བསྐོར་ཐེ་གཏོགས་བྱེད་མཚམས་འཇོག་དགོས་ཟེར།
མཱ་ཏུའུ་ལུའོ་ཡིས་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་བརྒྱུད་དེ་གསལ་སྒྲོག་སྤེལ་ཏེ། རྩ་ཁྲིམས་དང་ལམ་ལུགས་རིམ་པའི་ངོས་ཀྱི་གོ་རིམ་ཁག་གཅིག་ད་དུང་བསྒྲུབ་རྒྱུར་སྒུག་ཡོད་ནའང་། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་རྩིས་རྒྱག་ཟིན་ཐོ་དང་དཔང་རྟགས་ཆ་ཚང་ཁོང་དུ་ཆུད་ཡོད་ཚུལ་ལབ་སོང་ཟེར།
དུས་ཡུན་ཅང་མ་འགོར་བའི་ཡར་སྔོན་ལ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་གསལ་སྒྲོག་ཤིག་གི་ནང་བཤད་རྒྱུར། ཨ་མེ་རི་ཁ་སྲིད་གཞུང་གིས“བདེན་དཔང་ཁུངས་འཕེར”ལ་གཞིགས་ནས། ངོ་རྒོལ་ཤོག་ཁག་མནའ་འབྲེལ“ དམངས་གཙོ་མཐུན་སྒྲིལ་མནའ་འབྲེལ”གྱི་འོས་མི་ཨའེ་ཏི་མིན་ཏའོ·ཀང་ས་ལེ་སི་ནི། གཞི་ནས་ཟླ7པའི་ཚེས28ཉིན་གྱི་ཙུང་ཐུང་འདེམས་བསྐོའི་རྒྱལ་ཁ་ཐོབ་མཁན་ཡིན་པའི་སྡོམ་ཚིག་ཐོབ་ཡོད་ཅེས་བཤད་ཡོད།
མཱ་ཏུའུ་ལུའོ་ཡིས་བཤད་རྒྱུར། འདེམས་བསྐོའི་མ་ལག་ལ་དེ་སྔ་ཚུར་རྒོལ་ཚབས་ཆེན་ཐེབས་མྱོང་ཡོད་ཟེར། དེའི་དབང་གིས། ཟླ7པའི་ཚེས31ཉིན་ཁོས་ཆེས་མཐོའི་ཁྲིམས་ཁང་གི་འདེམས་བསྐོའི་ཁྲིམས་ར་རུ། “སྲུང་སྐྱོབ་གཏུག་བཤེར”བཞེད་དགོངས་བཏོན་ནས། ཙུང་ཐུང་འདེམས་བསྐོའི་མཇུག་འབྲས་ལ་ཞིབ་བཤེར་བྱས་ཏེ། འབྲེལ་ཡོད་དོན་དངོས་གསལ་པོ་བཟོ་དགོས་པའི་རེ་བ་བཏོན།
ཆེས་མཐོའི་ཁྲིམས་ཁང་གི་འདེམས་བསྐོའི་ཁྲིམས་རས་ཟླ8་པའི་ཚེས1ཉིན་བསྒྲགས་དོན། ཟླ7པའི་ཚེས28ཉིན་གྱི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་འཕེན་པའི་བྱེད་སྒོ་དང་དེ་བཞིན་འདེམས་ཤོག་འཕངས་པའི་མཇུག་འབྲས་ལ་ཁྲིམས་འཛིན་བརྟག་དཔྱད་བྱ་རྒྱུ་དང་། ཟླ8པའི་ཚེས2ཉིན། མཱ་ཏུའུ་ལུའོ་ཚུད་པའི་ཙུང་ཐུང་གི་འོས་མི10ཁྲིམས་རར་འབོད་རྒྱུའི་ཁྱབ་སྒྲོག་བྱས།
ཟླ7པའི་ཚེས28ཉིན། ཝེ་ནེ་ཙུའེ་ལའི་ཙུང་ཐུང་དངོས་སུ་འདེམས་བསྐོ་བྱས་པ་དང་། ཁྱོན་བསྡོམས་འོས་མི10འདེམས་བསྐོའི་ཁྲོད་ཞུགས། ཟླ7ཚེས29ཉིན་གྱི་ཐོ་རེངས་ཀྱི་དུས་སུ། ཝེ་ནེ་ཙུའེ་ལའི་རྒྱལ་ཁབ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྲིད་འཛིན་བྱེད་མཁན་རྒྱལ་གཅེས་མནའ་འབྲེལ་ཆེན་པོའི་འོས་མི་དང་ད་ལྟའི་ཙུང་ཐུང་མཱ་ཏུའུ་ལུའོ་སླར་ཡང་ཙུང་ཐུང་ལ་བདམས་ཐོན་བྱུང་བ་ཁྱབ་སྒྲོག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།